སྐབས་བཅུ་དྲུག་པའི་སྤྱི་འཐུས་རྒྱུན་ལས་ལས་འཁྱུར་རྣམས་ལ་ཕེབས་སྐྱེལ་ཇ་སྟོན་གོ་སྒྲིག་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༩ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལོ་གཉིས་དང་ཕྱེད་ཀ་སྔ་མའི་ནང་རྒྱུན་ལས་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་བཅས་རྒྱུན་ལས་ནས་ལས་འཁྱུར་ཞུས་གནང་བར་སྤྱི་འཐུས་ལྷན་ཚོགས་ནས་ཕེབས་སྐྱེལ་ཇ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད།

དཔལ་ལྡན་ཚོགས་གཙོ་མཆོག་དང་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། སྤྱི་འཐུས་རྒྱུན་ལས་རིགས་གཅིག་ལོ་གཉིས་དང་ཕྱེད་ཀ་ཆ་ཚང་བཞུགས་ཐུབ་ཡོད་པ་དང་། རིགས་གཅིག་ལོ་རེར་འཕོ་འགྱུར་འགྲོ་བཞིན་ཡོད། སྤྱི་འཐུས་རྒྱུན་ལས་རྣམ་པ་ཚང་མས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཐོག་ཕྱར་གྲུ་མཉམ་འདེགས་དང་། དགོངས་ཚུལ་སྤུངས་གནང་བ་སོགས་ཚོགས་གཙོ་གཉིས་ཀྱི་ལས་དོན་རྣམས་ལ་རྒྱབ་སྐྱོར་གང་ལེགས་གནང་བྱུང་།

དཔལ་ལྡན་ཚོགས་གཙོ་མཆོག་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག

ཚོགས་གཙོ་ཡང་ལོ་གཉིས་དང་ཕྱེད་ཀ་སྔ་མའི་ལས་དོན་རྣམས་གྲུབ་ཀྱི་ཡོད། ལས་བསྡོམས་ལྟ་བུ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༦ པའི་མཇུག་བསྡོམས་གཏམ་བཤད་ནང་ཞུས་ཟིན་པས་བསྐྱར་བཟློས་མི་དགོས་པའི་ཐོག་ནས་མདོར་ན་བོད་སྤྱི་པའི་ལས་དོན་རྣམས་འཐུས་ཤོར་མེད་པ་གང་ལེགས་ཞུས་ཡོད་བསམ་གྱི་ཡོད། ཚོགས་དྲུང་ལས་ཁུངས་ཀྱི་འཛིན་སྐྱོང་ལས་དོན་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་མུ་མཐུད་ནས་སྐྱོང་གནང་གི་རེད། ཚོགས་གཙོ་རང་གི་གཙོ་བོ་ཐུགས་འགན་བཞེས་ནས་གནང་དགོས་པ་ཁག་ལོ་གཉིས་དང་ཕྱེད་ཀའི་ཚོགས་གཙོ་ཕྱི་མ་མཆོག་ལ་མཇུག་སྐྱོང་གིས་སྙན་གསན་ཞུ་རྒྱུའི་ཁོངས་འཇོག་ཡོད། ང་ཚོ་མཉམ་ལས་བྱེད་རྒྱུ་རག་པ་དེ་གོ་སྐབས་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན།

དཔལ་ལྡན་ཚོགས་གཙོ་མཆོག་དང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག

ང་ཚོ་བོད་མི་རིགས་ཤིག་ལ་སྐྱེ་བ་ལེན་ཕྱིན་ཆད་སོ་སོ་མ་ཤི་བར་བོད་སྤྱི་པའི་རྩ་དོན་དང་། དེ་བཞིན་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་ཐོག་ལ་དུས་རྒྱུན་ནས་ཐུགས་སྣང་དང་འགན་འཁུར་ཕྱག་ལས་གནང་དགོས་དུས། མ་འོངས་པར་ང་ཚོ་ག་དུས་ཡིན་ནའང་མཉམ་དུ་ལས་ཀ་བྱ་རྒྱུའི་གོ་སྐབས་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག  སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ལྟ་བུ་ཡིན་ན་དེ་རིང་བརྩིས་པའི་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ནང་ཐེངས་ ༢༡༥ ཚོགས་གནང་ཡོད་པ་དང་། དེའི་སྐབས་སྤྱི་འཐུས་རྒྱུན་ལས་རྣམ་པས་ལམ་སྟོན་དང་། ཐག་གཅོད། གནད་དོན་མང་པོའི་རིགས་ལ་ཏན་ཏན་གྱིས་བོད་སྤྱི་པའི་རྩ་དོན་རེད། དེ་བཞིན་སྒྲིག་འཛུགས་ཀྱི་ལས་དོན་སོགས་གང་ཅིའི་ཐོག་ལ་ཐུགས་ཕན་སོས་ཡོད་རེད་བསམ་གྱི་འདུག གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། ང་ཚོ་གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར་རེད། བོད་དོན་རྒྱབ་སྐྱོར་གནང་མཁན་ཡོངས་ནས་ང་ཚོར་སྙིང་ཐག་པ་ནས་རྒྱབ་སྐྱོར་གནང་གི་ཡོད་སྟབས། དེ་ཚོའི་གྲས་ང་ཚོས་བཀའ་དྲིན་དྲན་ཐུབ་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་གནང་གྲུབ་མཚམས། རྒྱུན་ལས་ལས་འཁྱུར་རྣམས་ལ་ལེགས་སྐྱེས་ཆེད་མཇལ་དར་རེ་ཕུལ་གནང་ཡོད་པ་བཅས། །