རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་ཉིན་གསུམ་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ལཊ་ཝི་ཡ་རྒྱལ་ས་རི་གར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་ཚོགས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༩ ཉིན་ཨི་ཊ་ལི་གྲོས་ཚོགས་འཐུས་མི་ཟུར་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་ (Mr.Matteo Mecacci,President of ICT) མཆོག་གིས་གཙོ་སྐྱོང་ཐོག་ཆེད་དོན་མི་སྣའི་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་གནང་ཡོད་འདུག

སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐོག་གི་ཚོགས་ཆུང་གི་ལས་བྱེད་སྐུ་ཞབས་ཇོ་ན་ཐན་ ཨེན་ སི་ཊི་ཝར་ (Mr. Jonathan N. Stivers, Staff Director of Congressional Executive Commission on China ) མཆོག་གིས་ཨ་རིའི་གཞུང་གིས་བོད་དོན་ཐོག་སྲིད་བྱུས་འཛིན་ཕྱོགས་ཐད་གསུང་བཤད་དང་། འདས་པའི་ལོའི་ནང་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་ཁྲིམས་འཆར་ཐོག་རྒྱབ་སྐྱོར་ཐོབ་སླད་ཞུ་གཏུག་གི་ལས་འགུལ་ནུས་ལྡན་སྤེལ་གནང་བར་བསྔགས་བརྗོད་གནང་ཡོད་འདུག་པ་མ་ཟད། ཚོགས་འདུའི་ཐོག་ཕེབས་པའི་རྒྱལ་ཁབ་ཁག་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམ་པ་དང་། ཚོགས་བཅར་བ་ཡོངས་ནས་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་འབྲེལ་སྐུ་ཚབ་དང་། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་ནང་གི་གནད་དོན་མཁྱེན་རྟོགས་སླད་དེ་མཚུངས་ཁྲིམས་འཆར་ལག་བསྟར་ཡོང་རྒྱུའི་དགོངས་བཞེས་གནང་རྒྱུའི་རེ་བསྐུལ་ཞུས་གནང་ཡོད་འདུག

དེ་མིན་སྐུ་ཞབས་ཁོང་གིས་རྒྱལ་ཁབ་ཁག་གི་གཞུང་དང་གྲོས་ཚོགས་འཐུས་མི་རྣམ་པས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། བོད་བརྒྱུད་ནང་བསྟན། དེ་བཞིན་བོད་མི་རྣམས་ལ་ཡོད་པའི་ཐོག་བསྒྲགས་གཏམ་ཤུགས་ཆེ་དང་གསལ་པོ་སྤེལ་རྒྱུ་གལ་ཆེ་ཡིན་པ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐོག་གི་ཚོགས་ཆུང་གིས་གཙོས་པའི་ཨ་རིའི་གྲོས་ཚོགས་ནས་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་གསུངས་གནང་འདུག

དེ་རྗེས་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ཀལ་ ཇར་ཤ་མན་ (Mr. Carl Gershman, President of National Endowment for Democracy, USA) མཆོག་གིས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དམ་པ་རྒྱ་རི་རིན་པོ་ཆེ་མཆོག་དང་། བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་དམ་པ་སྐུ་ཞབས་ཇོར་ཇི་ ཕར་ནན་ཌེས་ མཆོག་རྣམ་གཉིས་ནི་མང་གཙོ་དང་། བོད་མིའི་རང་དབང་ཐོག་བྱས་རྗེས་ཅན་གྱི་དཔའ་བོ་ཡིན་སྐོར་དྲན་གསོ་དང་། འདས་པའི་ལོ་ངོའི་ནང་གི་ཁོང་རྣམས་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་གསུངས་གནང་འདུག

དེ་ནས་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ས་བྷ་ སོ་གར་ (Hon. Csaba Sogar, MEP) མཆོག་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཀྱི་སྲིད་བྱུས་ཚན་པའི་འགན་འཛིན་སྐུ་ཞབས་ཝིན་སེན་ཊ་ མི་ཊིན་མཆོག་ (Mr. Vincent Metten, EU Policy Director of Europe ICT) རྣམ་གཉིས་ཀྱིས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐོག་གསུང་བཤད་གནང་བ་དང་། སྐབས་དེར་སྐུ་ཞབས་ས་བྷ་ སོ་གར་མཆོག་གིས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ནང་བོད་ཀྱི་གནད་དོན་ཇི་འདྲ་ཡོད་མེད་དང་། དེ་བཞིན་ཁོང་གིས་རང་ཉིད་བོད་དོན་ཐོག་སེམས་ཐག་ཉེ་པོ་ཇི་ལྟར་ཆགས་མིན་སྐོར།  ཁོ་རང་སོ་སོའི་ལུང་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཡིན་པའི་མྱོང་ཚོར་སོགས་གསུངས་གནང་འདུག དེ་བཞིན་ཁོང་གིས་འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་དེ་གྲོས་གཞིར་འཛིན་རྒྱུར་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་གང་དང་གང་གནང་བའི་སྐོར་དང་། སླད་ཕྱིན་མུ་མཐུད་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དེ་ལས་ལྷག་པ་བྱེད་རྒྱུའི་རེ་བ་ཡོད་སྐོར་གསུངས་གནང་འདུག

ཡུ་རོབ་བོད་དོན་རྒྱལ་སྤྱིའི་ལས་འགུལ་ཁང་གི་ཡུ་རོབ་ཀྱི་སྲིད་བྱུས་ཚན་པའི་འགན་འཛིན་སྐུ་ཞབས་ཝིན་སེན་ཊ་ མི་ཊིན་ (Mr. Vincent Metten, EU Policy Director of Europe ICT) མཆོག་གིས་ཡུ་རོབ་དང་རྒྱ་ནག་གི་ཆབ་སྲིད་འབྲེལ་མོལ་དང་། དཔལ་འབྱོར་འབྲེལ་མོལ། མི་དང་མི་དབར་གྱི་འབྲེལ་མོལ་སོགས་དབྱེ་བ་ཕྱེ་བའི་ཐོག་རྒྱ་ནག་དང་ཡུ་རོབ་ཀྱི་སྤྱི་ཡོངས་འབྲེལ་མོལ་ཐོག་གསུང་བཤད་དང་། དེ་བཞིན་རྒྱ་ནག་གིས་རྒྱུད་གཅིག་དང་ལམ་གཅིག་གི་ལས་གཞི་དང་དེའི་ཕན་གནོད་སྐོར་ལའང་གསུངས་གནང་འདུག

དེ་རྗེས་ནིའུ་ཛི་ལེན་ཌིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷེ་རི་ཐི་ ཧག་ས་ (Hon. Gareth Hughes, Member of New Zealand Parliament) མཆོག་གིས་གཙོ་སྐྱོང་གནང་ཐོག་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སོ་སོའི་དགོངས་ཚུལ་ལྷུགས་པོ་གསུངས་གནང་རྗེས། ཚོགས་བཅར་བ་རྣམས་ཚོགས་ཆུང་བཞིར་བགོས་ཏེ་གྲོས་བསྡུར་ལྷུགས་པོ་གནང་ཡོད་འདུག

མཐར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཌི་ ནི་ནོ་ (Hon. Di Nino, former Member of Canadian Parliament) མཆོག་གིས་གཙོ་སྐྱོང་གནང་ཐོག་ཚོགས་ཆུང་སོ་སོའི་སྙན་ཐོ་གང་ཡོད་པ་དེ་དག་ཡིག་ཐོག་ཟིན་བྲིས་ཕབ་པའི་ཐོག་ཚོགས་ཆུང་སོ་སོའི་ཚོགས་གཙོས་སྙན་སྒྲོན་གནང་བའི་ཐོག་གྲོས་བསྡུར་དང་། དེ་བཞིན་ཚོགས་འདུའི་སྤྱི་བསྒྲགས། (Riga Declaration) ཐོག་གྲོས་བསྡུར་གནང་ཡོད་འདུག་པ་དང་། དེའི་ཐོག་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་དང་འབྲེལ་ལམ་ལས་འཆར་གྱི་འགན་འཛིན་ལྕམ་སྐུ་ (Ms. Christa Meindersma, Advocacy and Communication Director of ITC Europe) མཆོག་དང་། སློབ་དཔོན་སྐུ་ཞབས་ (Prof. Michael Van Walt Praag) མཆོག་རྣམ་གཉིས་ཀྱིས་མཐུན་འགྱུར་གནང་ཡོད་འདུག

དེ་ཉིན་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཚོགས་བཅར་བ་ཡོངས་ལ་དགོང་དྲོའི་གསོལ་སྟོན་བཤམས་པ་དང་། དེའི་སྐབས་ཁོང་རྣམས་ལ་དྲན་རྟེན་ཕྱག་རྟགས་ཕུལ་ཡོད་འདུག་པ་བཅས། །