འབྲས་ལྗོངས་མངའ་སྡེའི་ས་གནས་གྲོས་ཚོགས་འཐུས་མི་ཟུར་པ་རྡོ་རྗེ་རྣམ་རྒྱལ་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༢།༠༠ ཙམ་ལ་འབྲས་ལྗོངས་མངའ་སྡེའི་ས་གནས་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་རྡོ་རྗེ་རྣམ་རྒྱལ་ལགས་དང་། འབྲས་ལྗོངས་མངའ་སྡེའི་ལས་བྱེད་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཁོང་གི་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་འབྲས་ལྗོངས་མངའ་སྡེའི་གཞུང་དང་། མི་མང་ནས་བོད་མི་རྣམས་དང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ད་བར་རྒྱབ་སྐྱོར་གནང་བ་དང་། དམིགས་བསལ་གྱིས་འབྲས་ལྗོངས་མངའ་སྡེར་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་རྗེས། བོད་ཀྱི་ད་ལྟའི་གནས་བབ་སྐོར་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ བར་ལཊ་ཝི་ཡའི་རྒྱལ་ས་རི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པའི་སྐོར། སྤྱི་འཐུས་རྣམ་པ་ས་བགོས་ལྟར་བོད་མིའི་གནས་སྡོད་གཞིས་ཆགས་ཁག་ལ་ཕེབས་རྒྱུའི་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་སྐོར་དང་། སྤྱི་འཐུས་རྣམ་པ་ཕྱིའི་རྒྱལ་ཁབ་འདྲ་མིན་ནང་ཕེབས་ཏེ་གྲོས་ཚོགས་འཐུས་མི་དང་། ལས་བྱེད། མཁས་དབང་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་རིམ་སྐོར་སོགས་གསུངས་གནང་ཡོད་པ་དང་། དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་རྣམ་པ་ངོ་སྤྲོད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ལ་ཉེ་ཆར་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་སོགས་ཆེས་མཐོའི་མི་སྣ་ཁག་ཅིག་མཇལ་འཕྲད་ཀྱི་གོ་སྐབས་བྱུང་སྐོར་སོགས་གསུངས་གནང་ཡོད།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་གནང་བའི་བོད་དོན་དང་འབྲེལ་བའི་དཔེ་དེབ་དང་ཡིག་ཆ་ཁག་ཅིག་ཕུལ་གནང་བ་མ་ཟད། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་སོང་།

རྡོ་རྗེ་རྣམ་རྒྱལ་ལགས་འབྲས་ལྗོངས་མངའ་སྡེའི་ས་གནས་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་ཡིན་པ་དང་། དེ་སྔོན་ཁོང་བཞུགས་སྒར་དུ་ཐེངས་མང་ཕེབས་མྱོང་ཡོད་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་མཇལ་ཁའི་བསྐལ་བཟང་གི་གོ་སྐབས་ཀྱང་ཐོབ་མྱོང་འདུག་པ་དང་། གཞན་ཡང་སྐུ་ཞབས་ཁོང་རྒྱ་གར་ལྷོ་ཕྱོགས་སུ་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་ཆེད་བཅར་དང་། རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཐོག་སྐུ་མགྲོན་དུ་ཕེབས་གནང་ཡོད་འདུག་པ་བཅས། །