༄༅། །དེ་རིང་ནི་བཙན་བྱོལ་བོད་མིིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༤ འཁོར་བའི་དུས་དྲན་ཉིན་མོ་ཡིན་པས། ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག DSC_0214བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚུངས་ཟླ་མེད་པའི་ཐུགས་རྗེའི་བཀའ་དྲིན་སྙིང་དབུས་སུ་བཅངས་ཏེ། དད་འདུན་གཡོ་བ་མེད་པར་སྒོ་གསུམ་གུས་པ་ཆེན་པོས་ལྷ་ཕྱག་གྲངས་མེད་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པ་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་ཉིད་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་དང་གཅིག་མཚུངས་སུ་སྲིད་པ་ཆགས་པ་ནས་བཟུང་རང་ཆས་སུ་ཡོད་པའི་བོད་གདོང་དམར་གྱི་མི་རིགས་དང་། སྐད་ཡིག ཆོས་དང་རིག་གཞུང་། ས་ཁོངས། རྒྱལ་རབས་ལོ་རྒྱུས་སོགས་འཛམ་གླིང་སྤྱི་འགྲོས་ཀྱི་དན་རྟགས། རྒྱལ་ཁབ་ཅིག་གི་ངོ་བོའམ་མཚན་ཉིད་ཆེས་གནའ་དུས་ནས་ཚང་ཡོད་པ་ཞིག་ཡིན་ལ། ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱིས་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་དག་གི་ཁྲོད་ནས་ལོ་རྒྱུས་ཤིན་ཏུ་རིང་ཞིང་རིག་གནས་ཕུན་སུམ་ཚོགས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་བོར་ལོ་ངོ་སྟོང་ཕྲག་ལྷག་གནས་མྱོང་ཡོད།

བོད་ཀྱི་གནའ་སྲོལ་ཆབ་སྲིད་རྒྱུན་འཛིན་ལམ་ལུགས་གསར་གཏོད་ཀྱིས་མང་གཙོའི་ལམ་དུ་འཇུག་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཕྱི་ལོ་ ༡༩༥༢ ལོར་ ལེགས་བཅོས་ལས་ཁུངསགསར་འཛུགས་དང་། ཕྱི་ལོ་ ༡༩༥༤ ལོའི་ལོ་མཇུག་ཏུ་ལྷ་སར་གྱོད་ཞིབ་ལས་ཁུངས་ཆེད་འཛུགས་མཛད་པ་སོགས། ཆབ་སྲིད་ཀྱི་ལམ་ལུགས་རྙིང་པར་བཅོས་སྒྲིག་ཚུལ་བཞིན་མཛད་པའི་རྨད་བྱུང་ཐུགས་བསྐྱེད་ཟབ་མོའི་རླབས་ཆེན་མཛད་བཟང་རིམ་པར་བསྐྱངས་པའི་ཐུགས་རྗེའི་གཟི་བྱིན་ཁོ་ནས་བོད་འབངས་རྣམས་བདེ་སྐྱིད་རྫོགས་ལྡན་གྱི་ལམ་དུ་བཀྲི་བར་མཛད།

འོན་ཀྱང་རྒྱ་ནག་དམར་ཤོག་གིས་ཞི་བདེའི་བར་གནས་སུ་གནས་པའི་བོད་ཆོས་ལྡན་གྱི་རྒྱལ་ཁབ་དེ་ཉིད་ཡོངས་སུ་བཙན་བཟུང་བྱས་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་སྔ་དྲོར་ནོར་གླིང་ཕོ་བྲང་ལྕགས་རིའི་ཁོར་ཡུག་ཏུ་རྒྱལ་ས་ལྷ་སའི་སེར་སྐྱ་ཕོ་མོ་ཁྲི་ཕྲག་མང་པོས་གཙོས་བོད་ཆོལ་ཁ་གསུམ་གྱི་མི་མང་ནས་མཐའ་བསྐོར་ཏེ་༸གོང་ས་མཆོག་ལ་སྲུང་སྐྱོབ་དང་། གྲོང་ཁྱེར་ལྷ་སའི་རྒྱ་མི་འདུས་སྡོད་ཁག་ཏུ་རྒྱ་དམར་མཐར་སྐྲོད་ཀྱི་གཞི་རྒྱ་ཆེ་བའི་མི་མང་སྒེར་ལངས་རྔམ་སྟོན་ཁྲོམ་སྐོར་བྱས་ཤིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་དང་བཅས་པ་རེ་ཞིག་བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་སླར་གསོའི་ཆེད་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་དུ་ཆིབས་སྒྱུར་གནང་དགོས་བྱུང་བ་བཅས། ལྡོག་ཏུ་མེད་པའི་འགོག་རྐྱེན་སྣེ་མང་འཕྲད་དབང་གིས་ལེགས་བཅོས་ཀྱི་དགོངས་གཞི་ཇི་བཞིན་མཇུག་སྐྱོང་ཕྱག་བསྟར་མ་ཐུབ་པར་རེ་ཞིག་ལྷག་ལུས་སུ་གྱུར་པ་དང་། བོད་ནང་ཕྱིར་མི་མངོན་པའི་རྒྱའི་མི་སེར་སྤེལ་བའི་གདུག་རྩུབ་སྲིད་བྱུས་བར་མེད་དུ་ལག་བསྟར་བྱས་རྐྱེན་བོད་ཡུལ་དེ་ཉིད་སྔར་གྲགས་མ་མྱོང་པའི་མི་ཡུལ་གྱི་དམྱལ་ཁམས་ཆེན་པོ་ཞིག་ཏུ་གྱུར།

དེ་ལྟར་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཛ་དྲག་ཆེ་ལ་མཐུན་རྐྱེན་ཤིན་ཏུ་ཞན་པའི་གནས་སྟངས་འོག་བཙན་བྱོོལ་བོད་གཞུང་ཆེད་འཛུགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་ཡོངས་སུ་མཚོན་པར་མཛད་ནས་སྲིད་ལུགས་ལ་ལེགས་བཅོས་རིམ་པར་གནང་སྟེ། ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔར་མཇལ་ཕྱག་དམ་འབུལ་ཞུས་པ་ནས། ཆོས་སྲིད་གཉིས་ལྡན་བོད་མང་གཙོའི་གཞུང་དངོས་སུ་དབུ་བརྙེས་ཏེ་སྲིད་དབང་རྒྱུན་འཛིན་ལམ་ལུགས་ལ་བསྒྱུར་བཅོས་ཀྱིས་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་ལྟར་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོད་གནང་འགོ་བརྩམས་ཡོད།

དུས་དེ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རིང་ནས་ཐུགས་ལ་བརྣགས་པའི་དགོངས་གཞི་ལས་ཉེ་བར་འཁྲུངས་པའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དེ་ཉིད་ཆ་ལག་ཚང་བར། ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་དམངས་གཙོའི་རྩ་ཁྲིམས་ལེའུ་བཅུ་དང་། དོན་ཚན་ ༧༧ ཅན་གསལ་བསྒྲགས་བསྐྱངས་པ་དང་། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ཏེ་བཙན་བྱོལ་བོད་གཞུང་འདི་ཉིད་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད་པའི་མུར། ལོ་རིམ་འཕྲོས་བྱས་ཏེ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་གསར་འཛུགས་གནང་བ། ཕྱི་ལོ་ ༢༠༠༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས། ཕྱི་ལོ་ ༢༠༡༡ ལོར་གཞུང་ས་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་འཛིན་པའི་ལམ་ལུགས་ཕྱིར་བསྡུ་མཛད་དེ། མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ཀྱིས་འབྱུང་འགྱུར་བོད་ཀྱི་བདེན་མཐའ་མ་གསལ་བར་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་རྒྱུན་བསྲིངས་ཏེ་བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཉིད་ནུས་ལྡན་སྲ་བརྟན་ཅན་དུ་གཏོང་གནང་མཛད་ཡོད།

སྤྱིར་མང་གཙོའི་རིང་ལུགས་ནི། མིའི་རིགས་ཀྱི་ལོ་རྒྱུས་བྱུང་རབས་ནང་བཙན་པོ་དང་། གཉོམ་ཆུང་། དབུལ་ཕྱུག ཕོ་མོ། རིགས་རྒྱུད་སོགས་མིའི་སྤྱི་ཚོགས་སུ་མཆོག་དམན་གྱི་དབྱེ་བ་འབྱེད་པའི་འདུ་ཤེས་དོར་ནས། སྤྱི་ཡོངས་ཐུན་མོང་ལ་ལྟ་བའི་འདྲ་མཉམ་གྱི་སྤྱི་ཚོགས་མི་མང་གི་འདོད་མོས་གཙོ་བོར་འཛིན་པའི་རིང་ལུགས་ཤིག་ཡིན་ལ། རླབས་ཆེན་གྱི་རིང་ལུགས་དེ་འདྲ་ཞིག་མངོན་འགྱུར་བྱ་རྒྱུར་འཛམ་གླིང་རྒྱལ་ཁབ་མི་ཉུང་བ་ཞིག་གི་ལོ་རྒྱུས་བརྒྱུད་རིམ་ཁྲོད། དམག་འཁྲུག་དང་། འོས་ལངས། འཐབ་རྩོད་བཅས་ཀྱི་མཇུག་འབྲས་ཁོ་ནས་རྒྱལ་ཕམ་ཐག་གཅོད་བྱས་ཏེ། སྲིད་དབང་མི་མང་གིས་བསྒྱུར་རྒྱུར་འབད་པའི་ནུས་ཤུགས་མངོན་འགྱུར་བྱུང་དང་འབྱུང་བཞིན་པ་ཡིན་ན་ཡང་། བོད་མིའི་སྤྱི་ཚོགས་ནང་གི་ཡང་དག་པའི་མང་གཙོའི་ལམ་ལུགས་འདི་བཞིན་མང་ཚོགས་ཀྱིས་འཐབ་རྩོད་དང་འཁྲུག་སློང་སོགས་ཆ་ཕྲ་མོ་ཙམ་ཡང་བྱེད་མ་དགོས་པར། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་དགྱེས་བརྩེ་ཆེན་པོས་བོད་རྒྱ་ཆེའི་མི་མང་ལ་གསོལ་བསྩལ་གནང་བ་ཞིག་ཡིན། དེར་བརྟེན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མང་གཙོའི་ལམ་སྲོལ་དང་མཐུན་པའི་འགན་ཁུར་ཚུལ་བཞིན་དུ་གནང་མ་ཐུབ་ཚེ་གནས་སྟངས་ཇི་ཆགས་ཆ་མ་འཚལ་བས། མགོན་པོ་གང་གི་བཀའ་དྲིན་དང་ཐུགས་རེ་སྙིང་དབུས་སུ་བཅངས་ཏེ་བོད་བསྟན་སྲིད་མི་རིགས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཚང་མས་ཞུ་སྒོ་ཅི་མཆིས་སྒོ་ཀུན་ནས་ལྷོད་གཡེང་མེད་པར་གནང་དགོས་པ་ནི་དོན་གྱི་གནད་དམ་པར་མཐོང་།

རྒྱ་གཞུང་གིས་ལོ་ངོ་ ༦༠ ལྷག་གི་རིང་དབང་ཆ་གཅིག་སྡུད་ཀྱི་སྲིད་དབང་སྒེར་འཛིན་ལམ་ལུགས་རྒྱུན་འཁྱོངས་ཀྱིས་བོད་མི་འབུམ་ ༡༢ ལྷག་དུས་མིན་རྐྱེན་འདས་སུ་བཏང་བ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་སྲོལ་བཟང་། ཆོས་དང་རིག་གཞུང་། བསམ་པའི་འདུ་ཤེས་བཅས་ལ་བཙན་ཤེད་ཀྱིས་བཅོས་བསྒྱུར་བྱེད་པ། མི་རིགས་དབྱེ་འབྱེད་དང་། སྐད་ཡིག་ལ་ཉམས་ཉེས་ཚད་བཀག་བཟོས་པ། གནའ་ཤུལ་གྱི་རིག་དངོས་གཏོར་བཅོམ་བཏང་སྟེ་རྒྱལ་རབས་ལོ་རྒྱུས་ཀྱི་བྱུང་རིམ་ལ་འཁྱོག་བཤད་བྱས་པ། ཀྲུང་དབྱངཟེར་བའི་དཔོན་རིགས་ཁྲོད་གྲངས་ཉུང་མི་རིགས་ཚོར་དབང་ཆ་འདྲ་མཉམ་སྤྲོད་མི་ཉན་པའི་འདུ་ཤེས་བཟུང་བ་ཙམ་དུ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་དང་པོར་བོད་རིགས་བསྐོ་གཞག་བྱས་མྱོང་མེད་ལ། ཉེ་བའི་ལོ་ཤས་ནང་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ་། རང་སྐྱོང་རྫོང་ཟེར་བ་རྣམས་སུ་སྔར་ཡོད་གྲངས་ཉུང་མི་རིགས་ཀྱི་དཔོན་རིགས་རྣམས་རེ་རེ་བཞིན་གོ་གནས་ཕབ་སྟེ། ལས་རིགས་བརྗེ་སྒྱུར་གྱིས་བདག་པོའི་ཁྱིམ་གཞི་མགྲོན་པོས་བཟུང་ཞེས་པའི་དཔེ་བཞིན་རྒྱ་མི་རིགས་ཀྱིས་ཧམ་བཟུང་བྱེད་བཞིན་ཡོད།

བོད་ཀྱི་རང་བྱུང་ཁོར་ཡུག་ནས་གཏེར་དངོས་འདྲ་མིན་སྔོག་འདོན་བཙན་འཁྱེར་བྱས་ཏེ། གནས་རི་རྩ་ཆེན་དང་། ཐ་ན་ཕ་མེས་ཀྱི་དུར་ས་ཡན་ཆད་ཇི་མི་སྙམ་པར་ས་བརྐོ་རྡོ་སློག་བྱས་དང་བྱེད་བཞིན་པ། རྒྱུག་ཆུ་བཀག་བསྐྱིལ་དང་གཙང་པོ་ཁ་སྒྱུར་གྱིས་རང་བྱུང་ས་གཤིས་དོ་མཉམ་མེད་པ་བཟོས་ནས་ལོ་ལྟར་ས་ཡོམ་གོད་ཆག་འབྱུང་བཞིན་པ། བོད་ས་ཁྱོན་ཡོངས་ནས་ཚད་ལས་བརྒལ་བའི་ཤིང་ནགས་ཕོན་ཆེ་གཅོད་འབྲེག་བྱས་ཏེ་སྤང་ལྗོངས་དང་ནགས་ཀླུང་ཐམས་ཅད་བྱེ་ཐང་དུ་གྱུར་ནས་ས་རུད་དང་ཆུ་ལོག་གི་གོད་ཆག་ཚབས་ཆེན་བྱུང་བ། བོད་ཀྱི་ས་ཁུལ་དུ་རྡུལ་ཕྲན་གསོག་ཉར་དང་ཚོད་ལྟ་བྱས་རྐྱེན་སྔར་མེད་ནད་ཡམས་སྣ་ཚོགས་བྱུང་བ། བོད་མིར་བརྙས་བཅོས་དང་། དམའ་འབེབས། སྐྱོན་འཛུགས། ཁྱད་གསོད་བྱེད་རྐྱང་གིས་མ་ཉེས་ཁག་གཡོགས་ཀྱི་ཉེས་མིང་འོག་ཉེས་མེད་བོད་མི་མང་པོ་དམར་གསོད་དང་། ཁྲིམས་འགལ་གྱིས་བཙོན་འཇུག་འོག་མི་སྤྱོད་ལས་འདས་པའི་གཅར་རྡུང་བྱེད་པ། མངོན་མིན་དུ་བཙན་ཁྲིད་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་དང་འགྱུར་བཞིན་པ་སོགས་ཚུལ་མིན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད།

དེར་བརྟེན་བོད་ས་སྟོད་སྨད་བར་གསུམ་གྱི་བོད་མི་རྣམས་ཀྱི་རྒྱ་གཞུང་གི་སྲིད་བྱུས་དེ་ཉིད་ལ་འདོད་བློ་མེད་པ་མངོན་པར་གསལ་བཞིན་པ། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་དང་། ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༤ ཚེས་ ༡༥ བར་བོད་མི་སེར་སྐྱ་ཕོ་མོ་གྲངས་ ༡༣༠ ཡིས་རང་ལུས་མེར་བསྲེགས་གནང་སྟེ་བོད་མི་རིགས་ཀྱིས་མྱངས་དང་མྱོང་བཞིན་པའི་བཟོད་ཐབས་བྲལ་བའི་དཀའ་སྡུག་ལས་ཐར་ཐབས་སུ་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་གཏོང་གནང་དགོས་བྱུང་ཡོད་པ་དང་། ཉེ་ཆར་བོད་མདོ་ཁམས་སྡེ་དགེ་འདན་མ་ཤུག་པ་སྡེ་པའི་སྡེ་དཔོན་དབང་གྲགས་ལགས་ཀྱིས་གཙོས་བོད་མི་མང་པོ་རྒྱུ་མཚན་ཁ་གསལ་གང་ཡང་མེད་པའི་ཐོག་འཛིན་བཟུང་བཙན་ཁྲིད་ཀྱིས་འགའ་ཞིག་བཀག་སྐྱིལ་ཁང་དུ་སྡུག་སྦྱོང་མནར་གཅོད་འོག་དུས་མིན་རྐྱེན་འདས་སུ་བཏང་བ་སོགས་ཆེས་ཛ་དྲག་པའི་གནས་སྟངས་ལ་བློ་འཚབ་དང་། རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་བོད་ས་ཁྱོན་ཡོངས་སུ་ཐབས་སྡུག་གི་གནས་ཚུལ་ཅི་ཞིག་བྱུང་རུང་དེ་དག་གི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ཕྱོགས་ནས་འཁྱེར་དགོས་ཞེས་བསྐྱར་བརྗོད་ནན་ཏན་བྱ་རྒྱུ་ཡིན།

བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས། མི་རིགས་དང་བཅས་པའི་ངོ་བོ་མ་བརླགས་པར། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་ཏེ་བོད་རྒྱ་མཉམ་གནས་ཐོག་ཁེ་ཕན་འདྲ་མཉམ་དུ་སྤྱོད་ཆོག་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ནི། བོད་ཙམ་མ་ཟད་རྒྱ་གཞུང་ལའང་ཕན་རླབས་ཆེ་བའི་སྲིད་བྱུས་ཤིག་ཡིན་པ་དངོས་ར་འཕྲོད་བཞིན་དུ་ཁ་བྲལ་བ་དང་། ཏཱ་ལའི་ལོག་སྤྱོད་སྲིད་གཞུང་ཟེར་བ་སོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཁོང་ལ་དད་གུས་དང་ཡི་རངས་གནང་མཁན་རྣམས་ལ་མ་ཉེས་ཁག་གཡོགས་དང་བསྙོན་དཀྲི་བཙན་འགེལ་རབས་དང་རིམ་པར་བྱས་ཏེ་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་མ་བསྟེན་པར་ཇི་མི་སྙམ་པར་འཇོག་བཞིན་པ་ནི་བློ་ཕམ་གྱི་ཡུལ་དུ་གྱུར།

དེ་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་ཁར། རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་དང་། དོལ་རྒྱལ་རྗེས་འབྲང་པ་རེ་ཟུང་བརྒྱུད་སྐུལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་རུ་བཅུག་པ་དང་། དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱང་དངུལ་དངོས་ཀྱི་ཁེ་ཕན་དོན་གཉེར་ལས་ནང་ཆོས་ཀྱི་བསླབ་བྱའི་བླང་དོར་རྣམས་ཚུལ་བཞིན་བསྟེན་མ་ཐུབ་པར་མི་ཡི་རྣམ་དཔྱོད་ཀྱིས་ཕོངས་པའི་བྱ་སྤྱོད་ཅིག་དང་། དྲང་བདེན་དང་དངོས་ཡོད་ཀྱི་གནས་ཚུལ་ལ་གཞི་མ་བཅོལ་བར་སྨྱོན་པས་གར་འཁྲབ་པ་ལྟ་བུ་ལ་རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་དང་རྒྱ་རིགས་མི་མང་རྣམས་མགོ་བོ་མི་འཁོར་བའི་ཡིད་ཆེས་ཞུ་བཞིན་ཡོད།

རྒྱ་གཞུང་གིས་བོད་འབངས་རྣམས་ལ་འགྲོ་བ་མིའིི་འདུ་ཤེས་ཙམ་ཡང་མི་འཛིན་པར་ཁེ་ཕན་ཡོད་ཚད་རྒྱ་ནག་དམར་གཞུང་བདེ་ཐབས་འབའ་ཞིག་དོན་གཉེར་བྱས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཁྲིམས་སྒྲིག་ཁག་རྩིས་མེད་རྡོག་རོལ་ཏུ་བཏང་སྟབས། རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་མང་པོས་བོད་ཀྱི་ཡ་ང་བའི་གནད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཀྱིས། རྒྱ་གཞུང་ལ་གདུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་རེ་སྐུལ་དང་། བསླབ་བྱ། སྐྱོན་བརྗོད། དགོས་འདུན་སོགས་ལོ་བསྟར་ཆགས་སུ་བཏོན་ཡོད་མོད། དེ་དག་དང་ལེན་བྱ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཀྲུང་གོའི་ནང་སྲིད་ལ་ཐེ་བྱུས་བྱེད་ལུགས་ཀྱི་ཧམ་བཤད་སྐྱོན་འཛུགས་བྱེད་པ་ནི། དུས་རབས་ཉེར་གཅིག་པའི་འགྲོ་བ་མིའི་སྤྱི་ཚོགས་དང་རྒྱལ་སྤྱིིའི་སྤྱི་སྲོལ་གྱི་འགྲོ་ལུགས་དང་ཤིན་ཏུ་མི་འཚམས་པ་ཞིག་ཡིན་པས། རྒྱ་ནག་གཞུང་ཕྱོགས་ནས་གཡོན་ཐལ་གྱི་བསམ་སྦྱོར་རྣམས་བཅོས་བསྒྱུར་ལེགས་སྤེལ་བགྱིས་ཏེ། འཛམ་གླིང་གི་སྔོན་ཐོན་ཚུལ་མཐུན་གྱི་རྒྱལ་ཁབ་དག་གི་སྤྱི་ཚོགས་ལྟར། བོད་འདི་ཉིད་ཞི་མཐུན་དང་བརྟན་ལྷིང་ངང་། ཡང་དག་པའི་སྤྱི་ཚོགས་ཞི་བདེ་མཉམ་གནས་ཀྱི་ལམ་ཁ་གསར་པ་ཞིག་ལ་འཕྲལ་ནས་མྱུར་དུ་འཁྲིད་དགོས་པར་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་དབུས་སའི་གཞུང་དང་། མི་མང་། རང་དབང་དང་མང་གཙོ། དྲང་བདེན་ལ་དགའ་ཞེན་དང་གུས་བཀུར་བྱེད་མཁན་གྱི་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་དོན་ཐད་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། སླད་མར་ཡང་རྒྱབ་སྐྱོར་སྔར་ལྷག་ཤུགས་ཆེར་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

 

མཐའ་དོན་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ལ།།