མ་ཡན་མཱར་རྒྱལ་ཁབ་ཀྱི་ཀ་ཆིན་མངའ་སྡེའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ ཉིན་སྐུ་ཞབས་ (Mr.Gum Sha Aung) ལགས་ཀྱིས་སྣེ་འཁྲིད་པའི་མ་ཡན་མཱར་ (Myanmar) རྒྱལ་ཁབ་ཀྱི་ཀ་ཆེན་མངའ་སྡེའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇལ་འཕྲད་གནང་བ་དང་། ཐོག་མར་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་གནང་རྗེས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམས་ལ་བོད་ཀྱི་སྐོར་ལ་གསུང་དོན།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ས་བཙན་འཛུལ་བྱས་ཏེ་བོད་ཀྱི་དགོན་སྡེ་གཏོར་བཤིག་དང་། ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་མེད་བཏང་འགོ་འཛུགས་ནས་ད་བར་མི་ལོ་ ༦༠ ལྷག་ཕྱིན་ཡོད་ཀྱང་། གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། རྒྱ་གར་གཞུང་གི་མཐུན་འགྱུར་རོགས་རམ་འོག་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་སོགས་ཉམས་པ་སླར་གསོ་བྱུང་བ་མ་ཟད། དེང་སང་འཛམ་གླིང་སྟེང་ནང་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད། ཕྱི་ལོ་ ༡༩༨༠ རྗེས་བོད་ནང་ཆོས་དང་རིག་གཞུང་སླར་གསོ་ཕྲན་བུ་བྱུང་ཡང་ཆ་ཚང་བ་ཞིག་བྱུང་མེད། དགོན་སྡེ་ཁག་ལ་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མི་འཇུག་པ་དང་། རྒྱ་ནག་གཞུང་གི་མི་སྣས་དགོན་སྡེ་ཁག་ལ་སྟངས་འཛིན་བྱེད་བཞིན་པ་མ་ཟད། དགོན་སྡེ་ཁག་གི་ནང་རྒྱ་ནག་གི་དཔོན་པོའི་པར་རིས་སྒྲིག་དགོས་པ་དེ་འདྲ་ཆགས་ཡོད། དེ་བཞིན་ད་ལྟའི་བོད་ནང་རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་མི་རྣམས་མི་བཟོད་པར་རང་ལུས་མེར་བསྲེགས་གནང་བཞིན་པ་དང་། ད་བར་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱི་བོད་མི་ ༡༥༢ ཀྱིས་རང་ལུས་མེར་བསྲེགས་གནང་ཡོད། ཁོང་རྣམས་ཀྱིས་རེ་འདུན་གཙོ་བོ་ནི་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ་བཅས་ཡིན་སྐོར་གསུངས་གནང་ཡོད།

ཕྱོགས་མཚུངས་བོད་ཀྱི་ཁོར་ཡུག་གི་སྐོར་ལ་གསུང་དོན། བོད་ནང་རྒྱ་ནག་གཞུང་གིས་གཏེར་ཁ་གང་བྱུང་བསྔོག་འདོན་བྱེད་པ་དང་། ཤིང་ནགས་གཅོད་འབྲེགས་བྱེད་པ། ཆུ་མཛོད་ཆེན་པོ་བཙུགས་པ་སོགས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་བཏང་རྐྱེན་བོད་ཀྱི་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ཉམས་ཆགས་སུ་འགྲོ་བཞིན་ཡོད་པ་མ་ཟད། ཨེ་ཤི་ཡའི་ཡུལ་གྲུ་མང་པོར་དཀའ་ངལ་འཕྲད་བཞིན་ཡོད། དེ་ནི་ཆབ་སྲིད་ཀྱི་གནས་སྟངས་ཙམ་མིན་པར་འགྲོ་བ་མིའི་རིགས་ཚང་མས་དོ་སྣང་སྤྲོད་དགོས་པ་ཞིག་ཆགས་ཡོད།

དེ་བཞིན་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་དྲི་བར་བཏང་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད། དེ་རྗེས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པས་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཕྱག་རྟགས་ཤིག་ཕུལ་གནང་བ་དང་། དེ་བཞིན་ཁོང་རྣམ་པས་འཚམས་འདྲིའི་མཉམ་གཞས་ཤིག་བཏང་གནང་བ་བཅས་ཀྱི་གནས་ཚུལ་དུ། །