བོད་མི་མང་མདོ་སྟོད་སྤྱི་ཟུར་དཀོན་མཆོག་ནོར་བུ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་གསུང་འཕྲིན་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པའི་མདོ་སྟོད་སྤྱི་འཐུས་ཟུར་པ་དཀོན་མཆོག་ནོར་བུ་མཆོག་བདུན་གཉིས་ཙམ་རིང་སྙུན་གཞིས་རྐྱེན་པས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༣ ཉིན་སྔ་དྲོ་ཕྱག་ཚོད་ ༥།༠༩ ཙམ་ལ་སྦེལ་ཀོབ་གཞིས་ཆགས་ཀྱི་བཞུགས་ཁྱིམ་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་གང་གི་སྐུ་འཁོར་ནང་མི་ཉེ་འབྲེལ་ལྟོས་བཅས་ལྷན་རྒྱས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་སྤྱི་འཐུས་རྣམ་པ་ཤིན་ཏུ་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དམ་པ་དེ་ཉིད་ཀྱི་ཉེ་འབྲེལ་རྣམས་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་སྐྱེ་བའི་མཐའ་མར་འཆི་དགོས་པའི་ཆོས་ཉིད་ལ་སོང་དགོངས་རྒྱ་ཆེ་བཞེས་གནང་བ་དང་འབྲེལ་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པ་གཞིར་བཅས། འདི་ནས་ཀྱང་དམ་པ་གང་ཉིད་ཀྱིས་སྤྱི་འཐུས་ཀྱི་ལས་རྒྱུན་རིང་བོད་སྤྱི་པའི་བསྟན་སྲིད་ཐོག་ཞབས་ཞུ་མཐར་སོན་གནང་ཡོད་པ་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོང་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། དེ་གའི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ། ཞེས་འཁོད་ཡོད། །

 

ཐུགས་གསོའི་གསུང་འཕྲིན་ངོ་མ་འདིར་གཟིགས་རོགས།