དཔལ་ལྡན་ཚོགས་གཞོན་མཆོག་དང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

དཔལ་ལྡན་ཚོགས་གཞོན་ཨཅཱར་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་བཅས་རྒྱ་གར་ལྷོ་ཕྱོགས་ཨནྡྲ་པར་དེ་ཤིའི་ (Andhra Pradesh) མངའ་སྡེའི་གྲོང་ཁྱེར་ཝི་ཇཱ་ཡ་ཝ་ཌ། (Vijayawada) རུ་རྟེན་གཞི་བྱས་པའི་ (KVSR Siddhartha College of Pharmaceutical Sciences) ཞེས་པའི་མཐོ་སློབ་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དེ་གའི་མཐོ་སློབ་ཐུན་མོང་ནས་གོ་སྒྲིག་ཞུས་པའི་ “བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གལ་ཆེ་ཚུལ།” ཞེས་པའི་བགྲོ་གླེང་ལྷན་ཚོགས་ཐོག་ཚོགས་བཅར་གནང་གཏན་འཁེལ་ཡོད།

བགྲོ་གླེང་ལྷན་ཚོགས་དེའི་ཐོག་ཕྱི་ནང་གི་མཁས་དབང་དང་ཉམས་ཞིབ་པ་ཁག་ཅིག་གིས་བོད་དོན་དང་འབྲེལ་བའི་བརྗོད་གཞི་ཁག་མི་འདྲ་བ་བཞིའི་ཐོག་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་རེད་འདུག

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༡༨ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༩ ཉིན་ལྡི་ལི་ནས་ཝི་ཇཱ་ཡ་ཝ་ཌར་ཕེབས་ཐོན་གནང་རྒྱུ། སྤྱི་འཐུས་རྒྱུན་ལས་རྣམ་པ་གསུམ་ཕྱི་ཚེས་ ༡༧ ཉིན་ཕྱི་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༡༨ ཉིན་ལྡི་ལི་ནས་ཝི་ཇཱ་ཡ་ཝ་ཌར་ཕེབས་ཐོན་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༤ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་ཝི་ཇཱ་ཡ་ཝ་ཌ་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༥ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ། སྤྱི་འཐུས་རྒྱུན་ལས་རྣམ་པ་གསུམ་ཕྱི་ཚེས་ ༢༣ དང་། ༢༤ ཉིན་སོ་སོར་ཝི་ཇཱ་ཡ་ཝ་ཌ་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །