དཔལ་ལྡན་ཚོགས་གཞོན་མཆོག་བདེ་ལེགས་སྨན་ཁང་གི་མིག་ནད་ལིང་ཏོག་གཤག་བཅོས་ཐེངས་ ༡༧ པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པ།

ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༥ ཉིན་བདེ་ལེགས་སྨན་ཁང་ནས་སྔར་བཞིན་ཉེ་ཧོང་དུ་རྟེན་གཞི་བྱས་པའི་ Association for Ophthalmic Cooperation in Asia ཞེས་མིག་དབང་ཆེད་སྨན་པའི་མཐུན་ཚོགས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་འོག་མིག་ནད་གཤག་བཅོས་ཀྱི་སྨན་སྒར་ཐེངས་ ༡༧ པ་འདི་ཉིན་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་ཚོགས་གཞོན་མཆོག་ནས་ཉི་ཧོང་གི་སྨན་པ་རྣམས་དང་། Rotary club ཡི་ཚོགས་གཙོ་རྒྱུན་ལས་རྣམ་པ་བཅས་ལ་འཚམས་འདྲི་བསྔགས་བརྗོད་ཞུས་ཏེ། ལྷག་པར་ད་ལྟ་བར་དུ་མུ་མཐུད་ལོ་ངོ་བཅུ་བདུན་རིང་དམིགས་ཡུལ་དང་ལས་དོན་བཟང་པོ་གནང་བ་ལ་ཡིད་རངས་ཞུས་ནས། བོད་མི་ཙམ་མ་ཟད། ས་གནས་ཡུལ་མི་རྒན་གཞོན་བར་གསུམ་ལ་ཕན་རླབས་ཆེན་པོ་གནང་བ་དང་། བདེ་ལེགས་སྨན་ཁང་གི་འགན་འཛིན་གཙོས་གཞན་ཡང་འབྲེལ་ཡོད་སྒྲིག་འཛུགས་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་། དེ་བཞིན་རྡ་སའི་ Rotary club ཡི་ཚོགས་མི་ཡོངས་ལ་དམིགས་བསལ་མ་འོངས་གྲོས་ཚོགས་ཚོགས་སྐབས་སུ་གྲོས་ཚོགས་སུ་ངེས་ཕེབས་ཡོང་བའི་འབོད་སྐུལ་ཞུས་གནང་བ་བཅས་ཀྱི་གནས་ཚུལ་དུ།།