དཔལ་ལྡན་ཚོགས་གཙོ་མཆོག་གིས་མྱོས་རྫས་ངན་གོམས་དང་ལང་ཚོ་དར་བབ་ཀྱི་ཟབ་སྦྱོང་ཐོག་བཅར་བའི་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཙམ་ལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་མྱོས་རྫས་ངན་གོམས་དང་ལང་ཚོ་དར་བབ་ཀྱི་ཟབ་སྦྱོང་ཐོག་བཅར་བའི་སློབ་གྲྭ་ཁག་ ༣༡ ཀྱི་སློབ་ཕྲུག་ཚོགས་བཅར་བ་ ༦༠ ལྷག་དང་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཁག ཕྱི་ཟླ་གསུམ་པའི་སྔོན་རྩིས་ཚོགས་དུས་དང་། སྔོན་རྩིས་ཇི་ལྟར་གཏན་འབེབས་གནང་ཕྱོགས། ཕྱི་ཟླ་དགུ་པའི་ལས་བསྡོམས་ཀྱི་ཚོགས་དུས་དང་སྤྱིར་བཏང་ཚོགས་དུས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་དང་རྒྱུན་ལས་ཀྱི་སྡེ་ཚན་གསུམ་སྟེ། རྒྱུན་འབྲེལ་སྡེ་ཚན་དང་། ཆབ་སྲིད་སྡེ་ཚན། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་བཅས་ཀྱི་ལས་དོན་ཁག་ངོ་སྤྲོད་གནང་སོང་བ་བཅས། །