དཔལ་ལྡན་ཚོགས་གཙོ་མཆོག་རྒྱ་གར་བྱང་ཕྱོགས་གཞིས་ཆགས་ཁག་ཅིག་ལ་ “མང་གཙོ་དང་ཆིག་སྒྲིལ།” ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་‌‌ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༥ ནས་ ༡༨ བར་ཉིན་གྲངས་ ༤ རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ས་གནས་འགོ་འཛིན་ཁྱབ་ཁོངས་ས་ཁུལ་ཁག་དང་། སྤོན་ཊ་ཆོལ་གསུམ་གཞིས་ཆགས། སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་བཅས་ལ་ མང་གཙོ་དང་ཆིག་སྒྲིལ། ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་གནང་རྒྱུར་མགྲོན་འབོད་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ནས་བདེ་སྐྱིད་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་བདེ་སྐྱིད་གླིང་ས་གནས་མི་མང་དང་། རྰཇ་སྤུར་ས་གནས་མི་མང་བཅས་སོ་སོར་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༦ ཉིན་ཚེ་རིང་དོན་ལྡན་ས་གནས་མི་མང་དང་། དོན་གྲུབ་གླིང་ས་གནས་མི་མང་བཅས་སོ་སོར་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༧ ཉིན་གླིང་ཚང་ས་གནས་མི་མང་དང་། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་ས་གནས་མི་མང་བཅས་སོ་སོར་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༨ ཉིན་སྤོན་ཊ་ཆོལ་གསུམ་ས་གནས་མི་མང་དང་། སྤུ་རུ་ཝ་ལ་ས་སྐྱའི་ས་གནས་མི་མང་བཅས་སོ་སོར་གསུང་བཤད་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །