ལེའུ་དང་པོ།

སྔོན་འགྲོ། 

དོན་ཚན་དང་པོ།         ཁྲིམས་ཡིག་གི་མིང༌།

ཁྲིམས་ཡིག་འདི་ལ་བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག བོད་རྒྱལ་ལོ་ ༢༡༣༦ ཕྱི་ལོ་ ༢༠༠༩ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       ཁྲིམས་ཡིག་གི་ཆ་རྐྱེན།

ཁྲིམས་ཡིག་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༧ པའི་ནང་གསེས་ ༡༠ པ་དང༌། ༡༡ པ། ༡༢ པ་བཅས་ཀྱི་འོག་གཏན་འབེབས་བྱས་པ་ཡིན།

དོན་ཚན་གསུམ་པ།      ཁྲིམས་ཡིག་གི་ཁྱབ་ཚད།

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།

དོན་ཚན་བཞི་པ།        ཁྲིམས་ཡིག་གི་འགོ་འཛུགས།

ཁྲིམས་ཡིག་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ཉིན་ནས་འགོ་འཛུགས་བྱ་རྒྱུ།

ལེའུ་གཉིས་པ།

ཆོས་དོན་ལྷན་ཚོགས་ཀྱི་སྒྲིག་འཛུགས། 

དོན་ཚན་ལྔ་པ།          ཆོས་དོན་ལྷན་ཚོགས།

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཕྱོགས་ཀྱི་བྱ་བ་ཡོངས་ལ་ལམ་སྟོན་སྟངས་འཛིན་དང༌། སྒྲིག་གཞི་གཏན་འབེབས་བྱེད་པོའི་ཆོས་དོན་ལྷན་ཚོགས་ཤིག་དགོས་པ་ཡིན།

དོན་ཚན་དྲུག་པ།        ཆོས་དོན་ལྷན་ཚོགས་ཀྱི་གྲུབ་ཆ།

༡    ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐད་བསྐོས་གནང་བའི་ཚོགས་མི་གཅིག

༢    བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཡོངས་གྲགས་དབུ་ཁྲིད་རྣམ་པའམ། དེ་དག་གིས་དམིགས་བསལ་འགན་དབང་བསྐུར་བའི་སྐུ་ཚབ་རྣམ་པ།

༣   ཆོས་རིག་བཀའ་བློན།

དོན་ཚན་བདུན་པ།       ཚོགས་མིའི་དུས་ཡུན།

༡ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་རྣམས་ཇི་སྲིད་རང་གི་ཆོས་བརྒྱུད་ཀྱི་དབུ་ཁྲིད་མཛད་འགན་བཞེས་པའི་རིང་ཆོས་དོན་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཡིན།

༢    བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་ངོ་མ་ཚོགས་ཕེབས་མ་ཐུབ་སྐབས་དམིགས་བསལ་འགན་དབང་བསྐུར་བའི་སྐུ་ཚབ་གཏོང་གནང་ཆོག་པ་དང༌། དེ་དག་ཚོགས་དུས་གཅིག་གི་དུས་ཡུན་ནམ། ཡང་ན་ཚོགས་དུས་གཅིག་གི་ཆ་ཤས་ཚོགས་ཐེངས་གང་འོས་རིང་ཚོགས་མི་ཡིན། ཚོགས་དུས་རེ་རེ་བཞིན་འགན་དབང་བསྐུར་བའི་སྐུ་ཚབ་གསར་བསྐོ་དགོས་པ་དང༌། གང་ཟག་གཅིག་ལ་ཡང་ཡང་བསྐོ་གཞག་གནང་བར་དགག་བྱ་མེད།

༣   ྋགོང་ས་མཆོག་གི་ཐད་བསྐོས་ཚོགས་མི་ལོ་གསུམ་རེ་ནས་འཕོས་རྒྱུ་དང༌། བསྐྱར་དུ་ཐད་བསྐོས་གནང་བར་དགག་བྱ་མེད།

༤   ཆོས་རིག་བཀའ་བློན་བཀའ་བློན་གྱི་ལས་རྒྱུན་བར་དུ་ཡིན།

དོན་ཚན་བརྒྱད་པ།       ཆོས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ།

༡    བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་རྣམས་རེས་མོས་ཀྱིས་ཆོས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཞོན་གནང་རྒྱུ། དེ་ཡང་དུས་ཡུན་ལོ་གསུམ་རིང་གནང་རྒྱུ་དང་སྔ་རྗེས་ཀྱི་གོ་རིམ་ཟན་སྒྲིལ་གྱི་ལམ་ནས་ཐག་གཅོད་བྱ་རྒྱུ།

༢    ཚོགས་གཙོ་ཚོགས་ཕེབས་མ་ཐུབ་སྐབས་ཚོགས་གཞོན་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་རྒྱུ།

༣ ཚོགས་གཙོ་ཚོགས་གཞོན་སུའང་ཚོགས་ཕེབས་མ་ཐུབ་སྐབས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་དགུང་ན་བགྲེས་པ་སུ་ཡིན་དེས་ཚོགས་གཙོ་གནང་རྒྱུ།

༤ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་སུའང་ཚོགས་ཕེབས་མ་ཐུབ་པར་སྐུ་ཚབ་རྐྱང་པ་འཁེལ་ཚེ་ཚོགས་གཙོ་ཚོགས་གཞོན་སུ་ཡིན་གྱི་སྐུ་ཚབ་དེས་ཚོགས་གཙོ་ཚོགས་གཞོན་གནང་རྒྱུ།

དོན་ཚན་དགུ་པ།        ཆོས་དོན་ལྷན་ཚོགས་ཀྱི་རྒྱུན་ལས།

༡    བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་རྣམ་པའི་སྐུ་ཚབ་རེ།

༢    ཆོས་རིག་བཀའ་བློན་བཅས།

དོན་ཚན་བཅུ་པ།        རྒྱུན་ལས་ཀྱི་ལས་ཡུན།

༡    བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་རྣམ་པའི་སྐུ་ཚབ་རྒྱུན་ལས་སོ་སོའི་དུས་ཡུན་ལོ་གསུམ་རེ་ཡིན། ལོ་གསུམ་རྗེས་མི་འགྲོ་སུའང་བསྐྱར་དུ་བསྐོ་གཞག་གནང་བར་དགག་བྱ་མེད།

༢    ཆོས་རིག་བཀའ་བློན་བཀའ་བློན་གྱི་ལས་རྒྱུན་བར་དུ་ཡིན།

ལེའུ་གསུམ་པ།

ཆོས་དོན་ལྷན་ཚོགས་ཀྱི་ཚོགས་འདུ། 

དོན་ཚན་བཅུ་གཅིག་པ།   འཆར་ཅན་ཚོགས་འདུ།

༡    ཆོས་དོན་ལྷན་ཚོགས་ཀྱི་འཆར་ཅན་ཚོགས་འདུ་ལོ་རེའི་ནང་ཐེངས་རེ་ངེས་པར་དུ་འཚོགས་དགོས་ཤིང༌། ཚོགས་དུས་སྔ་རྗེས་གཉིས་ཀྱི་བར་ཟླ་གྲངས་བཅུ་གཉིས་ལས་མ་བརྒལ་བ་དགོས།

༢    ཚོགས་འདུ་སོ་སོའི་འགོ་འཛུགས་ཚོགས་ཚེས་ཀྱི་ཟླ་བ་གསུམ་གྱི་སྔོན་ཚོགས་ཚེས་དང༌། ཚོགས་ཡུལ། ཚོགས་འདུའི་ཉིན་གྲངས། གྲོས་གཞི་ཇི་ཡོད་བཅས་འཁོད་པའི་ཚོགས་བརྡ་ཚོགས་འཐུས་ཡོངས་ལ་ཆོས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་ནས་གཏོང་དགོས།

དོན་ཚན་བཅུ་གཉིས་པ།   དམིགས་བསལ་ཚོགས་འདུ།

༡ ལས་དོན་གལ་ཆེའི་ཆེད་དམིགས་བསལ་ཚོགས་འདུ་བསྡུ་བསྐོང་བྱ་དགོས་བྱུང་ཚེ་ཆོས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་ནས་ཉིན་གྲངས་བཅུ་ལས་མ་ཉུང་བའི་སྔོན་བརྡའི་ཐོག་བསྡུ་བསྐོང་བྱེད་ཆོག

༢ ཆོས་དོན་ལྷན་ཚོགས་ཀྱི་ཚོགས་མི་སུས་ཀྱང་དམིགས་བསལ་ཚོགས་བསྐོང་དགོས་པའི་རེ་འདུན་བཏོན་ན་ཚོགས་གཙོའི་བཀའ་འཁྲོལ་དང་འབྲེལ་དམིགས་བསལ་ཚོགས་འདུ་བསྡུ་བསྐོང་བྱེད་ཆོག

དོན་ཚན་བཅུ་གསུམ་པ།   ཆོས་ཚོགས།

ཆོས་དོན་ལྷན་ཚོགས་ནས་དགོས་གལ་ནམ་གཟིགས་སུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་མཁན་བླ་དང༌། མཁས་དབང༌། གནད་ཡོད་མི་སྣ་ཁག་སྐབས་བསྟུན་གདན་ཞུས་ཀྱིས་ཆོས་ཚོགས་རྒྱས་བསྡུས་ཅི་རིགས་ཚོགས་བསྐོང་གནང་ཆོག

ལེའུ་བཞི་པ།

ཆོས་དོན་ལྷན་ཚོགས་ཀྱི་འགན་དབང༌།

དོན་ཚན་བཅུ་བཞི་པ།    འགན་དབང༌།

༡    བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ཉམས་མེད་རྒྱུན་འཛིན་དང༌།

ཉམས་པ་སོར་ཆུད་སླད་བསྟན་རྩ་ཆོས་སྡེ་ཁག་གི་བླང་དོར་ཁྲིམས་སྒྲིག་གཏན་འབེབས་དང༌། ཁྲིམས་སྒྲིག་སྲུང་བརྩི་ཡོང་ཐབས་སུ་གཟིགས་རྟོག་སྟངས་འཛིན་གནང་རྒྱུ།

༢    ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་གྱི་བྱ་བ་གོང་འཕེལ་འབྱུང་ཆེད་ལམ་སྟོན་སྟངས་འཛིན་གནང་རྒྱུ།

༣   བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་དབང་ལུང་མན་ངག་དང༌། བཤད་སྒྲུབ་ཀྱི་རྒྱུན་ཇི་ཡོད་མི་ཉམས་གོང་འཕེལ་དང༌། ཉམས་པ་སོར་ཆུད་ཡོང་ཐབས་གནང་རྒྱུ།

༤   བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་གཞུང་ལུགས་ཀྱི་ཕྱག་དཔེ་སྤྱི་དང༌། ཁྱད་པར་དཔེ་རྒྱུན་དཀོན་རིགས་རྣམས་མི་ཉམས་རྒྱུན་འཛིན་གྱི་ཆེད་ཞུ་སྒྲིག་དང༌། པར་སྐྲུན། དེ་བཞིན་གཞུང་ལུགས་གསར་རྩོམ་རྣམས་ལ་བསྐྱར་ཞིབ་ཀྱིས་ངོས་བཞེས་གནང་ཕྱོགས་ལ་དོ་དམ་སྟངས་འཛིན་གནང་རྒྱུ།

༥   བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་སྲོལ་རྒྱུན་དང་མཐུན་པའི་གཞུང་ཆེན་སློབ་གཉེར་དང༌། རྒྱུགས་སྤྲོད། མིང་རྟགས་ལག་འཁྱེར་སྤྲོད་ཕྱོགས་ཀྱི་སྒྲིག་སྲོལ་གཏན་འབེབས་དང་སྟངས་འཛིན་གནང་རྒྱུ།

༦   བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་མཁན་སློབ་དང༌། ལས་སྣེ་བཀོད་སྒྲིག་གནང་ཕྱོགས་ཀྱི་སྒྲིག་སྲོལ་གཏན་འབེབས་གནང་རྒྱུ།

༧   བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང༌། བླ་སྤྲུལ་མཚན་གནས་གསར་བཞེས་གནང་མཁན་རྣམས་ལ་མཚན་གནས་གནང་ཕྱོགས་ཀྱི་སྒྲིག་སྲོལ་གཏན་འབེབས་གནང་རྒྱུ།

༨    བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་ཆོས་ཚོགས་དང༌། སྒྲིག་འཛུགས་ཁག་ངོས་བཞེས་དང༌། ལམ་ལུགས་ལམ་སྟོན། ཁྲིམས་སྒྲིག་བཅའ་ཡིག་གཏན་འབེབས་གནང་རྒྱུས་མཚོན་སྐབས་མཚམས་གཟིགས་སྐྱོང་དང་སྟངས་འཛིན་གནང་རྒྱུ།

༩   ཆོས་ལུགས་གཞན་དག་དང་མཉམ་དུ་མཐུན་འབྲེལ་དང་མཉམ་རུབ་ཀྱི་ཐོག་ནས་སྐྱེ་འགྲོའི་བདེ་སྐྱིད་སྤེལ་བའི་ཐབས་ཚུལ་གནང་རྒྱུ།

༡༠  བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཕན་ཚུན་དབར་དང་རང་ཁོངས་སུ་རྩོད་རྙོག་དང་འགལ་ཟླ་བྱུང་རིགས་རྩོད་པ་ཆོས་ཕྱོགས་སུ་ཞི་བའི་ཐབས་ཚུལ་གནང་རྒྱུ།

༡༡  བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་དྲི་མ་མེད་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་ཆོས་མཐུན་གྱི་བྱ་བ་གང་དགོས་གནང་རྒྱུ།

ལེའུ་ལྔ་པ།

ཁྲིམས་ཡིག་བསྐྱར་བཅོས། 

དོན་ཚན་བཅོ་ལྔ་པ།      བསྐྱར་བཅོས།

ཁྲིམས་ཡིག་འདི་ལ་བསྐྱར་བཅོས་ནམ་དགོས་སྐབས་ཆོས་དོན་ལྷན་ཚོགས་ཀྱི་རྒྱབ་གཉེར་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་ཡོད་སྤྱི་འཐུས་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།