ལེའུ་དང་པོ།

སྔོན་འགྲོ། 

དོན་ཚན་དང་པོ།         མིང༌།

སྒྲིག་གཞི་འདི་ལ་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང༌། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༡༨ ཕྱི་ལོ་ ༡༩༩༢ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       ཆ་རྐྱེན།

སྒྲིག་གཞི་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༢ པའི་ནང་གསེས་ ༤ དང༌། དོན་ཚན་ ༡༠༨ ཀྱི་ནང་གསེས་ ༡ བཅས་ཀྱི་འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།      འགོ་འཛུགས།

སྒྲིག་གཞི་འདི་ཕྱི་ལོ་ ༡༩༩༢ ཟླ་ ༢ ཚེས་ ༡༡ ནས་འགོ་འཛུགས་བྱ་རྒྱུ།

དོན་ཚན་བཞི་པ།        ཁྱབ་ཚད།

སྒྲིག་གཞི་འདིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང༌། གཤམ་འོག་ལས་ཁུངས། རང་སྐྱོང་ཚོགས་པ་ཁག་བཅས་གཞུང་དངུལ་འགྲོ་གྲོན་གཏོང་དགོས་ཀྱི་སྒྲིག་འཛུགས་ཡོངས་ལ་ཁྱབ་པ་ཡིན།

ལེའུ་གཉིས་པ།

གཞུང་དངུལ་འདུ་འགོད། 

དོན་ཚན་ལྔ་པ།          ཕྱོགས་བསྡོམས་མ་དངུལ། (Consolidated Fund)

༡    བོད་མིའི་སྒྲིག་འཛུགས་ཀྱི་འབབ་ཡོང་དཔྱ་དངུལ་དང༌། ྋགོང་ས་མཆོག་གིས་གསོལ་སྩལ། ཕྱི་ནང་གི་རོགས་དངུལ་ཞལ་འདེབས། བསྡུ་ཆ། གླ་ཡོན། གཞུང་འབྲེལ་བཟོ་ཞིང་ཚོང་བུན་ཁེ་འབབ། ཉེས་ཆད། ཙག་ཙིག་ཡོང་འབབ་བཅས་འབབ་དངུལ་ཡོད་དོ་ཅོག་འཚེམས་མེད་ཕྱོགས་བསྡོམས་མ་དངུལ་དུ་ཚུད་པ་བྱེད་དགོས།

༢    ཕྱོགས་བསྡོམས་མ་དངུལ་དུ་མ་ཚུད་པའི་དངུལ་འབབ་གང་ཡང་གཞུང་དངུལ་དུ་མི་བརྩི་ཞིང༌། གཞུང་གྲོན་དུ་གཏོང་མི་ཆོག

༣   ཕྱོགས་བསྡོམས་མ་དངུལ་ནས་གཏོང་དགོས་ཀྱི་འགྲོ་གྲོན་གང་ཡང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་ལོ་རེའི་གཏོང་ལེན་ཁྲིམས་ཡིག་ (Appropriation Act) གམ། ཚོད་དཔག་འཆར་རྩིས་ལ་འོས་ཤོག་བསྡུས་པའི་ (Vote on Account) ཐོག་ནས་བཀའ་འཁྲོལ་མ་ཐོབ་པ་ཞིག་འགྲོ་སོང་སྔོན་བཏང་བཀའ་འཁྲོལ་རྗེས་ཞུའི་རྩིས་འགྲོ་ནམ་ཡང་གཏོང་མི་ཆོག

༤ གོང་གསལ་ནང་གསེས་དང་པོ་ནས་གསུམ་པའི་བར་གང་རུང་དང་འགལ་བའི་གནས་ཚུལ་བྱུང་ན་དཔལ་འབྱོར་གྱི་སྒྲིག་གཞི་དང་འགལ་ཚབས་ཆེ་ཤོས་དེ་ཡིན་པས་དབང་ལྡན་འགན་འཛིན་དང༌། འགན་འཁྲིའི་ལས་བྱེད་ངོས་བཟུང་ཐེར་འདོན་ཐོག་སྒྲིག་གཞི་གཞིར་བཟུང་ཉེས་ཆད་ཡན་པོར་མ་སོང་བ་གཏོང་དགོས། སྒྲིག་གཞི་གཏན་འབེབས་ཀྱིས་བཙུགས་པའི་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ངལ་སེལ་ཐེབས་རྩའི་མ་དངུལ་དང༌། ཆོས་རིག་ལས་ཁུངས་ཀྱི་འཆར་ཅན་མིན་པའི་མཆོད་འབུལ་དང༌། ཞབས་བརྟན་འཕར་དངུལ་བཅས་དོན་ཚན་འདིའི་ནང་ཚུད་མ་དགོས་པ་ཡིན།

དོན་ཚན་དྲུག་པ།        ངེས་མེད་དགོས་དངུལ།

༡ གློ་བུར་ངེས་མེད་གཞུང་གྲོན་གཏོང་དགོས་རིགས་ཀྱི་ཆེད་སྤོམ་ཚོད་དངུལ་འབབ་མང་མཐའ་ལོ་འཁོར་སྔོན་རྩིས་ཀྱི་ཚོད་དཔག་འགྲོ་གྲོན་སྤྱི་བསྡོམས་ཀྱི་བརྒྱ་ཆ་བཅུ་བཞི་ལས་མ་བརྒལ་བ་ཞིག་ངེས་མེད་དགོས་དངུལ་ཞེས་པའི་རྩིས་འགོའི་འོག་ལོ་འཁོར་སྔོན་རྩིས་སུ་བཀའ་ཤག་གི་རྩིས་ཁོངས་སུ་འཇོག་རྒྱུ་དང༌། དགོས་གལ་ནམ་བྱུང་ལ་བཀའ་ཤག་ལྷན་རྒྱས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་ཆོག་མཆན་དང༌། དགོས་དངུལ་སྤྲོད་འཐུས། (གློ་བུར་ངེས་མེད་ཅེས་པ་ལོ་འཁོར་སྔོན་རྩིས་འགོད་སྐབས་གཏོང་དགོས་ཚོད་དཔག་མེད་པར་གློ་བུར་དགོས་ངེས་ཀྱི་གཏོང་དགོས་གསར་བྱུང་གྲས་ལ་གོ་དགོས།)

༢    ངེས་མེད་དགོས་དངུལ་ནས་གཏན་འཇགས་ལས་བྱེད་པའི་ཕོགས་དང༌ཁེ་ཕན་གཞན། སྤོ་རུང་མིན་པའི་མཁར་དབང་ཉོ་སྒྲུབ། ཨར་ལས། སྔ་གཡར། བུན་སྐྱེད་བཅས་སུ་གཏོང་མི་ཆོག

༣   ལས་བྱེད་གསར་བསྐོ་དང༌། གནས་སྤར། གནས་སྤོ། ཆོད་གན། བར་བརྒལ་བཀོད་སྒྲིག་བཅས་བར་མའི་དུས་ཡུན་གྱི་གླ་ཕོགས་ཆེད་བཀའ་དྲུང་ཡིག་ཚང་གི་རྩིས་ཁོངས་སུ་སྤོམ་དངུལ་གྱི་རྩིས་འགོའི་འོག་དངུལ་འབོར་རན་འཚམས་ཤིག་འཇོག་འཐུས་དང༌། དགོས་གལ་ནམ་བྱུང་སྐབས་བཀའ་ཤག་ནས་འདོན་སྤྲོད་བཀའ་འཁྲོལ་ཞུ་དགོས།

༤   ལོ་འཁོར་སྔོན་རྩིས་ཀྱི་རྒྱུན་གྲོན་རྩིས་འགོ་ཕོགས་ནང་ཐོབ་གསེང་དངུལ་བསྒྱུར་དང་། ཡུལ་ཐང་གུན་གསབ་སྤར་ཆ་ཇི་བྱུང་སྤྲོད་དམིགས་ཆེད་སྤོམ་དངུལ་རན་འཚམས་ཟུར་དུ་ཞུ་དགོས། སྤོམ་དངུལ་འདི་ནས་གླ་ཕོགས་ཐོག་ཁ་བསྒྱུར་མི་ཆོག

ལེའུ་གསུམ་པ།

ལོ་འཁོར་སྔོན་རྩིས་འབུལ་ཚུལ། 

དོན་ཚན་བདུན་པ།       ལོ་འཁོར་སྔོན་རྩིས།

༡    ལས་ཁུངས་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་གཤམ་འོག་ལས་ཁུངས་དང༌། སྨན་ཁང༌། སློབ་གྲྭ། འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན། འགྲོ་གྲོན་ཆ་ཚང་གཞུང་ནས་གཏོང་དགོས་ཀྱི་རང་སྐྱོང་སྒྲིག་འཛུགས་ཁག་བཅས་ནས་འཆར་ལོའི་ལོ་འཁོར་སྔོན་རྩིས་གཏན་འབེབས་རེའུ་མིག་ཏུ་བཀོད་པ་ལས་ཁུངས་སོ་སོའི་གཏོང་ལེན་འགན་འཛིན་གྱི་མིང་རྟགས་བཀོད་པ་དང་རང་སྐྱོང་སྒྲིག་འཛུགས་ཡིན་ན་སྒྲིག་འཛུགས་སོ་སོའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པ་བཅས། ལོ་ལྟར་ཕྱི་ཟླ་ ༡ ཚེས་ ༡ འགྱངས་མེད་དཔལ་འབྱོར་ལས་ཁུངས་སམ། སྡེ་ཚན་སོ་སོར་ཕུལ་ཟིན་པ་དགོས་རྒྱུ། གོང་གསལ་ཚེས་ནས་ཕུལ་མ་ཐུབ་པའི་གནས་ཚུལ་བྱུང་ཚེ་རྒྱུ་མཚན་དང་སྦྲགས་འབྲེལ་ཡོད་ལས་ཁུངས་སམ་སྡེ་ཚན་ནས་དུས་འགྱངས་ཞུ་དགོས། དགོས་དངུལ་དབུས་ནས་གཏོང་མ་དགོས་པ་ཡིན་ཚེ་ལོ་རེའི་སྔོན་རྩིས་ས་གནས་འཐུས་མིའི་ཚོགས་འདུ་སོ་སོ་ནས་དུས་ཚོད་རྒྱས་བཅད་ནང་ཞུ་དགོས། ས་འཐུས་མེད་རིགས་དབུས་ནས་ཞུ་དགོས།

༢    རྒྱུན་ལྡན་དང་དམིགས་བསལ་ཡོང་ཁུངས་དང༌། འགྲོ་གྲོན་གྱི་རྩིས་འགོ་མ་འདྲེས་པར་བཀོད་ཐོག་དམིགས་བསལ་འབབ་གྲོན་ཡོངས་ལ་ལས་འཆར་དང་དགོས་དམིགས་རྒྱུ་མཚན་གསལ་བཤད་མཉམ་འབུལ་དགོས་རྒྱུ།

༣   ཨར་ལས་དང༌། བཟོ་འཕྲུལ་འཛུགས་སྐྲུུན་རིགས་ཀྱི་ཚོད་དཔག་རྩིས་འཆར་འབྲེལ་ཡོད་ཁྱད་མཁས་ཀྱི་མི་སྣས་སྲོལ་མཐུན་བཀོད་པ་དགོས་ངེས་ཀྱི་ས་ཁྲ་དང༌། ཚད་རིས་བཅས་ཆ་ཚང་མཉམ་སྦྱར་དགོས་པ་དང༌། ཅ་དངོས་ཉོ་སྒྲུབ་དགོས་རིགས་གོང་ཐང་ཚད་འཛིན་ཡིག་ཆ་ཁག་ཀྱང་མཉམ་སྦྱར་གྱིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་འབུལ་དགོས། ཅི་སྟེ་དེ་འདྲའི་ཞིབ་ཆའི་ཚོད་དཔག་སྔོན་རྩིས་འགོད་འབུལ་མ་ཐུབ་པའི་རིགས་འབྲེལ་ཡོད་ལས་ཁུངས་ནས་གཏན་འབེབས་བྱས་པའི་རོབ་ཚོད་ཀྱི་ཚད་གཞི་ལྟར་སྔོན་རྩིས་སུ་བཀོད་པ་བཀའ་འཁྲོལ་ཆོག་རྒྱུ་དང༌། དངུལ་འབབ་མ་བཏོན་སྔོན་དུ་ཞིབ་ཆའི་སྲོལ་མཐུན་ཚོད་དཔག་སྔོན་རྩིས་དང༌། འབྲེལ་ཡོད་ཡིག་ཆ། ས་ཁྲ་དགོས་རིགས་སྤྱི་འཐུས་རྒྱུན་ལས་སུ་ཕུལ་ཏེ་བཀའ་འཁྲོལ་བྱུང་མཚམས་དགོས་དངུལ་འདོན་འཐུས།

༤   ལོ་འཁོར་སྔོན་རྩིས་ནང་རྩིས་འགོ་གསལ་འགོད་བྱ་སྟབས་མ་བདེ་བའི་གསང་བའི་འགྲོ་གྲོན་ཁག་ལས་ཁུངས་སོ་སོའི་གསང་བའི་སྔོན་རྩིས་ནང་སྡེ་ཚན་དང༌། འགྲོ་ཁུངས་ཞིབ་བཀོད་ཀྱིས་བཀའ་ཤག་གི་ཆོག་མཆན་ཡིག་ཐོག་བཀོད་རྗེས། སྤྱི་ཡོངས་སྔོན་རྩིས་ནང་གསང་བའི་འགྲོ་གྲོན། ཞེས་པའི་རྩིས་འགོ་ཙམ་ལས་གསལ་ཁ་མི་དགོས།

༥    བཀའ་ཤག་དང༌། ལས་ཁུངས་ཁག་སུ་ཐད་ནས་རོགས་དངུལ་དང༌། བུན་དངུལ་གསར་དུ་ལེན་དགོས་མཐའ་དག་ལེན་འཐུས་དང༌། དེ་འབྲེལ་གྱི་ཆོད་ཡིག་ཁག་གི་འཆར་ཟིན་རྣམས་དང༌། འགྲོ་གྲོན་གཏོང་ཕྱོགས་ཀྱི་འཆར་གཞི་ཁ་གསལ་བཅས་བཀའ་ཤག་བརྒྱུད་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ཚོགས་ཆུང་ནས་ཆོག་མཆན་ཞུ་དགོས། ཆོག་མཆན་འདི་རིགས་ཀྱི་སྙན་ཞུ་ཚོགས་དྲུང་ལས་ཁུངས་སུ་འབྱོར་བ་ནས་ལས་ཉིན་བཅུའི་ནང་ལན་གསལ་མ་བྱུང་ཚེ་ཆོག་མཆན་ཐོབ་པར་ཆ་འཛིན་བྱ་འཐུས།

༦    ལས་ཁུངས་སམ། སྡེ་ཚན་སོ་སོས་ཁྱབ་ཁོངས་གཤམ་འོག་ལས་ཁུངས་དང༌། རང་སྐྱོང་སྡེ་ཚན་ཁག་གི་ལོ་འཁོར་སྔོན་རྩིས་དེ་དག་ཞིབ་འཇུག་གིས་མཐའ་མའི་དངུལ་འབབ་ལས་ཁུངས་སམ། སྡེ་ཚན་སོ་སོའི་ལོ་འཁོར་སྔོན་རྩིས་སུ་ཚུད་པ་བྱས་ཏེ་ལོ་འཁོར་སྔོན་རྩིས་ཁ་ཤོག་དང་བཅས་ལོ་ལྟར་ཕྱི་ཟླ་ ༡ ཚེས་ ༡ འགྱངས་མེད་དཔལ་འབྱོར་ལས་ཁུངས་སུ་ཕུལ་ཟིན་པ་དགོས་རྒྱུ་དང༌། དཔལ་འབྱོར་ལས་ཁུངས་ཀྱིས་ཁུངས་སོ་སོའི་འགྲོ་གྲོན་ཚོད་དཔག་འཆར་རྩིས་རྣམས་སྔོན་རྩིས་ཚོགས་འདུ་ཚོགས་ཚེས་ཀྱི་ལས་ཉིན་བཅོ་ལྔའི་སྔོན་ནས་འགྱངས་མེད་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས། གོང་གསལ་ཚེས་ཆའི་ནང་འབུལ་མ་ཐུབ་པའི་གནས་ཚུལ་བྱུང་ཚེ་རྒྱུ་མཚན་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་དུས་འགྱངས་ཞུ་དགོས།

༧    དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་མ་ཡིན་པའི་ལས་ཁུངས་དང༌། སྡེ་ཚན། རང་སྐྱོང་བཅས་ཚང་མའི་ལོ་འཁོར་སྔོན་རྩིས་བཀའ་བློན་ཡོད་པའི་ལས་ཁུངས་ཤིག་བརྒྱུད་དཔལ་འབྱོར་ལས་ཁུངས་སུ་འབུལ་དགོས་ཤིང༌། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་ཁྱབ་ཁོངས་དང་བཅས་པ། དབུས་འོས་བསྡུ་ལས་ཁང༌། ལས་བྱེད་འདེམས་བསྐོ་ལྷན་ཁང༌། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ཁྱབ་ཁོངས་དང་བཅས་ཀྱི་ལོ་འཁོར་སྔོན་རྩིས་ཐད་ཀར་དཔལ་འབྱོར་ལས་ཁུངས་སུ་གཏོང་དགོས།

༨    ལོ་འཁོར་སྔོན་རྩིས་ཕྱོགས་བསྡོམས་མ་དངུལ་ཁོངས་སུ་རྒྱུན་གྲོན་ལས་གཞན་པའི་ལས་དོན་བྱེ་བྲག་པ་དང༌། ཟུར་བཀོལ་རྩིས་གྲོན་གྱི་རྩིས་འགོ་བཀའ་འཁྲོལ་ཡོད་རིགས་དངོས་སུ་ལག་ལེན་བསྟར་སྐབས་མ་འདང་པའམ། འཕར་བྱུང༌། ལས་མཇུག་མ་བསྒྲིལ་བའི་དངུལ་ལྷག་རྩིས་ལོ་རྗེས་མའི་ནང་ལས་དོན་མཇུག་བསྒྲིལ་བྱ་རྒྱུ། ཡང་ན་གློ་བུར་གལ་ཆེའི་ལས་དོན་གསར་པ་བྱུང་ཚེ་དེའི་འགྲོ་གྲོན་འཆར་གཞི་ཁ་གསལ་བཀའ་ཤག་བརྒྱུད་སྤྱི་འཐུས་ལྷན་ཚོགས་མ་ཚོགས་པའི་སྐབས་སུ་དེའི་རྒྱུན་ལས་ནས་ཆོག་མཆན་ཞུ་དགོས། གློ་བུར་ལས་དོན་གྱི་ཁོངས་སུ་རྒྱུན་གྲོན་རྩིས་འགོ་ཟུར་དུ་ཡོད་མེད་ལ་མ་ལྟོས་པར་ལས་དོན་དེ་འབྲེལ་གྱི་འགྲོ་གྲོན་ཆ་ཚང་ཚུད་དགོས་པ་ལས་རྒྱུན་གྲོན་ནས་གཏོང་མི་ཆོག

༩ ཟུར་བཀོལ་སྔོན་རྩིས་ཁོངས་བཀའ་འཁྲོལ་ཐོབ་ཟིན་པའི་ལས་འཆར་གང་ཞིག་ལས་མཇུག་མ་བསྒྲིལ་བའི་དངུལ་ལྷག་ཡོད་ཚེ་རྩིས་ལོ་རྗེས་མའི་སྔོན་རྩིས་ནང་མཇུག་སྐྱོང་ཆེད་འགྲོ་སོང་གཏོང་འཐུས་བཀའ་ཤག་བརྒྱུད་དོན་ཚན་ ༧ པའི་ནང་གསེས་ ༨ པ་ལྟར་བར་བརྒལ་བཀའ་འཁྲོལ་ཞུ་དགོས།

དོན་ཚན་བརྒྱད་པ།       ལོ་འཁོར་སྔོན་རྩིས་བཀའ་འཁྲོལ།

༡    བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁོངས་གཏོགས་དང་བཅས་པའི་ཚོད་དཔག་འཆར་རྩིས་ཡོངས་རྫོགས་ཕྱོགས་བསྡོམས་ཀྱིས་ཡོང་འབབ་དང༌། འགྲོ་སོང་ཞིབ་འཁོད་ཀྱི་ལོ་འཁོར་སྔོན་འཆར། དཔྱ་དངུལ་ཁག་གི་ཁྲིམས་འཆར། འབབ་ཁུངས་གཞན་དག་གི་ཁྲིམས་འཆར་དང༌། སྒྲིག་འཆར་གསར་པ། ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་འཆར་ཟིན། དངུལ་འབབ་ཡོང་ཁུངས་གཏན་འཁེལ་ཟིན་རིགས་ཀྱི་བཀའ་འཁྲོལ་ལམ། ཆོད་དོན་ཡིག་ཆ་ཁག་བཅས་ཕྱོགས་སྒྲིག་གིས་ལོ་འཁོར་སྔོན་རྩིས་གཏན་འབེབས་དུས་ཚེས་ཉིན་དཔལ་འབྱོར་བཀའ་བློན་གྱིས་སྤྱི་འཐུས་ལྷན་ཚོགས་སུ་ངོ་སྤྲོད་གསུང་བཤད་དང་བཅས་འབུལ་ལམ་ཞུ་དགོས།

༢ དེ་ལྟར་འགོད་འབུལ་ཞུས་པའི་ལོ་འཁོར་སྔོན་རྩིས་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་དང་སྒྲིག་གཞིའི་དོན་ཚན་ཁག་གཞིར་བཟུང་སྡེ་ཚན་འདྲེས་མེད་རིམ་བཞིན་ཞིབ་འཇུག་གྲོས་བསྡུར་གྱིས་སྣོན་འཕྲི་བསྒྱུར་བཅོས་ཇི་དགོས་བྱ་རྒྱུ། འོན་ཀྱང་ལས་དོན་བྱེ་བྲག་པར་དམིགས་པའི་དངུལ་འབབ་ཀྱི་རོགས་རམ་གཏན་འཁེལ་ཟིན་པ་རྣམས་ལ་སྣོན་འཕྲི་དང༌། གཏོང་ཡུལ་བརྗེ་བསྒྱུར་མི་བྱེད། ལས་འཆར་བྱེ་བྲག་པར་དམིགས་པ་མ་ཡིན་པའི་ཟུར་བཀོལ་གྱི་དངུལ་འབབ། ལས་འཆར་བྱེ་བྲག་པའམ། དངུལ་འབབ་ཡོང་ཁུངས་བྱེ་བྲག་པ་བཅའ་ཁྲིམས་ཀྱི་འབྲུ་དོན་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མི་མཐུན་པའི་རིགས། ཡང་ན་ཆབ་སྲིད་ལ་གནོད་སྐྱོན་འབྱུང་གཞིའི་དོགས་གནས་ཡོད་རིགས་བཅས་ལ་བཀག་འགོག་དང༌། དངུལ་འབབ་ཡོང་ཁུངས་གཏན་འཁེལ་མ་ཟིན་པའི་ལས་འཆར་རིགས་ལ་སྣོན་འཕྲི་བསྐྱར་བཅོས་བྱ་འཐུས།

༣ སྤྱི་འཐུས་ལྷན་ཚོགས་སུ་སྒྲིག་གཞི་ལྟར་བགྲོ་གླེང་འོས་བསྡུ་ཟིན་ཏེ་གཏོང་ལེན་ཁྲིམས་འཆར་གཏན་འབེབས་ལ་སྲིད་སྐྱོང་གིས་ཆོག་མཆན་སྩལ་ཐོན་བྱུང་རྗེས་འཛིན་སྐྱོང་ལ་དེར་གསལ་གྱི་དཔྱ་དངུལ་ཡོང་འབབ་བསྡུ་ལེན་དང༌། འགྲོ་གྲོན་གཏོང་རྒྱུའི་དབང་ཚད་ཐོབ་པ་བཞིན་གཤམ་འོག་ལས་ཁུངས་དང༌། རང་སྐྱོང་སྡེ་ཚན་བཅས་པར་བཀའ་འཁྲོལ་བཀོད་ཁྱབ་གཏོང་རྒྱུ།

༤   ཕྱི་ཟླ་ ༣ ཚེས་ ༣༡ ནང་ཚུན་འཆར་ལོའི་ལོ་འཁོར་སྔོན་རྩིས་གཏོང་ལེན་ཁྲིམས་ཡིག་གིས་གཏན་འབེབས་མ་ཐུབ་པའི་གནས་ཚུལ་བྱུང་སྐབས་འཆར་ལོའི་ཟླ་གྲངས་དང་པོ་བཞིའི་གཞུང་གྲོན་ཚོད་དཔག་འཆར་རྩིས་ལ་འོས་ཤོག་བསྡུས་ཏེ་ (Vote on Account) བཀའ་འཁྲོལ་ཞུ་དགོས།

དོན་ཚན་དགུ་པ།        ཁ་བསྒྱུར།

ཕོགས་ཐོབ་དང་དམིགས་བསལ་རྒྱུན་གྲོན་ཕུད་པའི་རྩིས་འགོ་གཅིག་ནས་གཞན་རྒྱུན་གྲོན་རྩིས་འགོ་ཁག་ལ་དངུལ་འབབ་ཁ་བསྒྱུར་དགོས་རིགས་ལས་ཁུངས་དང་ཁྱབ་ཁོངས་བཅས་པས་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༣༠ དང་ཕྱི་ཟླ་ ༡༢ ཚེས་ ༣༡ སོ་སོའི་ནང་ཚུན་དཔལ་འབྱོར་ལས་ཁུངས་སུ་ཕུལ་ཟིན་པ་དང་། དཔལ་འབྱོར་ལས་ཁུངས་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་ཕུལ་ཏེ་ལོ་ལྟར་ཕྱི་ཟླ་ ༡༠ ཚེས་ ༡༥ དང་ཕྱི་ཟླ་ ༡ ཚེས་ ༡༥ སོ་སོའི་ནང་ཚུན་བཀའ་འཁྲོལ་ཞུ་ཐུབ་པ་དགོས།

ལེའུ་བཞི་པ།

དངུལ་རྩིས་སྟངས་འཛིན། 

དོན་ཚན་བཅུ་པ།        དངུལ་རྩིས་ལོ་མཚམས།

༡    ཕྱི་ཟླ་ ༤ ཚེས་ ༡ ནས་རྗེས་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་ལ་དངུལ་རྩིས་ལོ་འཁོར་དུ་མཚམས་འཛིན་བྱས་ཏེ་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༣༡ ལ་འདས་ལོའི་རྩིས་སྒོ་བརྒྱབ་རྒྱུ་དང༌། ཟླ་ ༤ ཚེས་ ༡ ལ་གསར་ལོའི་རྩིས་འགོ་འཛུགས་དགོས།

༢    རྩིས་ཞིབ་སྒྲིག་གཞི་གཞིར་བཟུང་རྩིས་སྒོ་བརྒྱབས་པ་ནས་དུས་ཡུན་ངེས་ཅན་ནང་ལས་ཁུངས་སོ་སོའི་རྩིས་ཁྲ་རྩིས་ཞིབ་ལས་ཁང་ལ་འབུལ་དགོས་པ་དང༌། རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་གནང་སྟེ་སྙན་ཤོག་རྩིས་སྒོ་བརྒྱབས་པ་ནས་ཟླ་དགུའི་ནང་ཚུན་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས། རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོ་རྩིས་ཞིབ་ཚོགས་ཆུང་རེ་ལོ་ལྟར་སྤྱི་འཐུས་རྒྱུན་ལས་ཀྱིས་བསྐོ་གཞག་གནང་རྒྱུ་དང༌། དེས་རྩིས་ཞིབ་ཀྱི་གཏོང་ཡོང་ཡོངས་རྫོགས་ཀྱི་རྩིས་ཁྲར་རྩིས་ཞིབ་བགྱིས་ཏེ་དག་མཆན་འཁོད་པའི་སྙན་ཤོག་གོང་བཞིན་ཟླ་དགུའི་ནང་ཚུན་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས།

༣   འབྲེལ་ཡོད་སྡེ་ཚན་གྱིས་རྩིས་ཁྲ་དུས་ཐོག་རྩིས་ཞིབ་པར་མ་ཕུལ་བའམ། རྩིས་ཞིབ་པའི་དྲི་བ་དང་དགག་བྱར་ལན་འདེབས་ཚུལ་མཐུན་མ་བྱུང་བའི་དབང་གིས་གོང་གསལ་དུས་ཡུན་ནང་རྩིས་ཞིབ་སྙན་ཐོ་མ་འབྱོར་བ་བྱུང་ཚེ་སྡེ་ཚན་དེའི་དགོས་དངུལ་སྐབས་བསྟུན་བཀའ་ཤག་གམ་སྤྱི་འཐུས་ཀྱིས་བཀག་བསྐྱིལ་བྱེད་ཆོག 

དོན་ཚན་བཅུ་གཅིག་པ།   གཏོང་ལེན་དང༌། རྩིས་ཀྱི་འགན་དབང༌།

༡    བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་དབང་ཚད་དང༌། གཏོང་ལེན། རྩིས་ཀྱི་འགན་འཁུར་ཡོངས་རྫོགས་བཀའ་ཤག་ལ་ཡོད་པར་ངོས་འཛིན་བྱ་རྒྱུ་དང༌། དཔལ་འབྱོར་བཀའ་བློན་བརྒྱུད་དབང་ཚད་ཁྱབ་བསྒྱུར་བྱ་རྒྱུ།

༢    ལས་ཁུངས་སོ་སོའི་དྲུང་ཆེ་དང༌། འགན་འཛིན། དེ་དག་གི་ལས་རོགས། ཡང་ན་ལས་བྱེད་གཞན་དག་བཅས་ལ་སྐབས་བསྟུན་དངུལ་འབོར་གྲངས་བཅད་ཀྱི་དཔལ་འབྱོར་དབང་ཚད་དུས་ནས་དུས་སུ་སྤྲོད་རྒྱུ་དང་གཏོང་ལེན་འགན་འཛིན་དུ་བསྐོ་གཞག་བྱ་རྒྱུ་བཅས་བཀའ་ཤག་གིས་འཛིན་སྐྱོང་བཀོད་ཁྱབ་བརྒྱུད་བྱ་རྒྱུ།

༣   འགྲོ་གྲོན་ཆ་ཚང་ངམ། ཆ་ཤས་གཞུང་ནས་གཏོང་དགོས་ཀྱི་རང་སྐྱོང་སྡེ་ཚན་མཐའ་དག་གི་ཚོགས་པའི་དམིགས་ཡུལ་བརྗེད་བྱང་དང༌། སྒྲིག་གཞི་སྤྱི་འཐུས་ལྷན་ཚོགས་སམ། སྤྱི་འཐུས་རྒྱུན་ལས་ཀྱི་ཆོག་མཆན་ཐོབ་པ་ཞིག་དང༌། གནས་ཡུལ་གཞུང་གི་དེབ་སྐྱེལ་ཁྲིམས་སྲོལ་དང་མི་འགལ་ཞིང༌། དེབ་སྐྱེལ་ལག་འཁྱེར་ཚད་ལྡན་ཡོད་པ་ཞིག་དགོས་ཁར། ཚོགས་པ་རང་གི་སྒྲིག་གཞིར་གསལ་བའི་གཏོང་ལེན་འགན་འཛིན་བརྒྱུད་དགོས་དངུལ་གཏོང་ལེན་བྱ་རྒྱུ་དང༌། གཞུང་གི་དཔལ་འབྱོར་དང༌། རྩིས་ཞིབ་ཀྱི་སྒྲིག་གཞི་ཡོངས་རྫོགས་སྲུང་བརྩི་ཞུ་དགོས། རང་སྐྱོང་སྡེ་ཚན་དེ་དག་ལ་རོགས་དངུལ་སྤྲོད་འོས་མིན་མཁྱེན་རྟོགས་སླད་སྡེ་ཚན་དེ་དག་གི་སྔ་ལོའི་རྩིས་ཞིབ་བྱས་པའི་རྩིས་ཁྲ་ཆ་ཚང་འབུལ་དགོས།

དོན་ཚན་བཅུ་གཉིས་པ།   དངུལ་ཁང་རྩིས་སྒོ།

༡    ལས་ཁུངས་སམ། སྡེ་ཚན་སོ་སོའི་ལོ་འཁོར་སྔོན་རྩིས་ཀྱི་འབབ་ཁོངས་སུ་ཡོད་པ་མ་ཡིན་པའི་ཕྱོགས་བསྡོམས་མ་དངུལ་གྱི་གཞུང་དངུལ་ཡོངས་རྫོགས་རྒྱལ་ཁབ་གང་དུ་ཡོད་རུང་འཛིན་སྐྱོང་བཀའ་ཤག་གི་བཀའ་འཁྲོལ་ཡོད་པའི་དངུལ་ཁང་གི་ནང་བཀའ་ཤག་ནས་དམིགས་འཛུགས་བྱས་པའི་མཚན་ཐོག་ཏུ་འཇོག་དགོས་ཤིང༌། ལོ་རེའི་ལོ་འཁོར་སྔོན་རྩིས་གཏོང་འཆར་དགོས་མཁོར་གཞིགས་པའི་ཟླ་དུས་རྒྱས་བཅད་ཀྱི་གཏན་འཇགས་དང༌། རྒྱུན་འགྲོའི་རྩིས་ཁག་ཏུ་འཇོག་རྒྱུ།

༢    བཀའ་ཤག་གི་བཀའ་འཁྲོལ་དང་འབྲེལ་དཔལ་འབྱོར་བཀའ་བློན་དང༌། བཀའ་བློན་གཞན་སུ་རུང་གཅིག་བཅས་བཀའ་བློན་གཉིས་ཀྱི་མིང་རྟགས་མ་བཀོད་པར་གོང་གསལ་དངུལ་འབོར་ནས་འདོན་གཏོང་མི་ཆོག

༣   དབུས་སམ། ཕྱོགས་མཐའི་ལས་ཁུངས་ཁག་བཅས་སྡེ་ཚན་གང་དུའང་ཁུངས་དེའི་ལོ་འཁོར་སྔོན་རྩིས་ཀྱི་བྱུང་རྩིས་ནང་མ་འཁོད་པའི་དངུལ་འབབ་ཅིག་བྱུང་ཚེ་ཟླ་གྲངས་གསུམ་གྱི་ནང་ཚུན་ཕྱོགས་བསྡོམས་མ་དངུལ་རྩིས་ཁོངས་སུ་བཅུག་ཟིན་པ་དགོས། རྒྱུ་མཚན་ཚད་ལྡན་མེད་པར་དུས་འགྱངས་གྱུར་ཚེ་དེའི་རིང་དངུལ་ཁང་གི་སྐྱེད་འབབ་དང་མཉམ་པའི་དངུལ་འབོར་འགན་འཁྲིའི་ལས་བྱེད་པས་བསྒྲུབ་དགོས།

༤   རྡ་སར་ཡོད་པའི་ལས་ཁུངས་ཁག་དང༌། སྡེ་ཚན་སོ་སོར་རྒྱུན་གྲོན་དགོས་དངུལ་དངུལ་ཁང་དུ་དངུལ་རྩིས་ཟུར་ཉར་མ་དགོས་པར་གཏོང་ལེན་ཆ་ཚང་དཔལ་འབྱོར་འདུ་འགོད་ཁང་བརྒྱུད་བྱ་རྒྱུ་དང༌། འཕྲལ་སེལ་ལག་སྣེ་གྲངས་བཅད་རེ་སྔ་འདོན་ཚུལ་དུ་སྡེ་ཚན་སོ་སོས་ཉར་འཐུས།

༥    ཕྱོགས་མཐར་ཡོད་པའི་ལས་ཁུངས་དང༌། སྡེ་ཚན། རང་སྐྱོང་སྒྲིག་འཛུགས་ཁག་བཅས་སོ་སོའི་སྒྲིག་གཞི་ལྟར་ལོ་འཁོར་སྔོན་རྩིས་སུ་གསལ་བའི་དངུལ་འབབ་ས་གནས་སོ་སོའི་དངུལ་ཁང་གི་རྩིས་ཁོངས་སུ་འཇོག་དགོས་པ་དང༌། འགན་འཛིན་དང༌། དེ་འོག་མིང་གསལ་བཏོན་པའི་ལས་བྱེད་སུ་རུང་རེ་བཅས་མི་གཉིས་རེའི་ཟུང་སྦྲེལ་མིང་རྟགས་ཐོག་ནས་མ་གཏོགས་མི་རེའི་མིང་རྟགས་རྐྱང་པའི་ཐོག་ནས་འདོན་གཏོང་ནམ་ཡང་མི་ཆོག

དོན་ཚན་བཅུ་གསུམ་པ།   དགོས་དངུལ་གཏོང་ཕྱོགས།

ཕྱོགས་མཐའི་སྡེ་ཚན་ཁག་ལ་ལོ་འཁོར་སྔོན་རྩིས་ནང་བཀའ་འཁྲོལ་བྱུང་བའི་དངུལ་འབོར་ནས་ས་གནས་སོ་སོའི་བྱུང་འབབ་ཕུད། དབུས་ནས་དགོས་དངུལ་གཏོང་དགོས་རིགས་ཆ་བགོས་ཀྱིས་ཕྱི་ཟླ་བཞི་པ། བདུན་པ། བཅུ་པ། དང་པོ་བཅས་ཀྱི་བདུན་ཕྲག་དང་པོའི་ནང་ཞུ་ལེན་བྱ་རྒྱུ་དང༌། ཟླ་གསུམ་མཐའ་མའི་དངུལ་འབབ་འདས་ལོའི་རྩིས་ཞིབ་སྙན་ཤོག་མ་འབྱོར་ཚེ་སྙན་ཤོག་མ་འབྱོར་བར་བཀག་བསྐྱིལ་བྱ་རྒྱུ། དགོས་དངུལ་ཟུར་གཏོང་མ་དགོས་པར་ས་གནས་ཚུར་བྱུང་གིས་འདང་རིགས་ལའང་ཕྱི་ཟླ་ ༡༡ པའི་ཟླ་མཇུག་ཚུན་རྩིས་ཞིབ་སྙན་ཤོག་མ་འབྱོར་བའི་རིགས་འབྲེལ་ཡོད་དངུལ་ཁང་དུ་འདོན་གཏོང་བཀག་བསྡོམས་བྱ་རྒྱུའི་བཀོད་ཁྱབ་གཏོང་འཐུས།

དོན་ཚན་བཅུ་བཞི་པ།    སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

སྔོན་རྩིས་འགེངས་ཤོག་གི་འགོ་བརྗོད།

༄༅། །རྩིས་ལོ་ ༢༠༡༥་་༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་གྲོན་སྔོན་རྩིས།

༄༅། །རྩིས་ལོ་ ༢༠༡༥་་༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་གྲོན་སྔོན་རྩིས། དམིགས་བསལ་རྒྱུན་གྲོན་གྱི་ཟུར་འཛར།

༄༅། །རྩིས་ལོ་ ༢༠༡༥་་༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་བཀའ་འཁྲོལ་སྔོན་རྩིས།

༄༅། །རྩིས་ལོ་ ༢༠༡༥་་༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཟུར་བཀོལ་སྔོན་རྩིས་བྱུང་སོང་རྩིས་ཤོག

༄༅། །རྩིས་ལོ་ ༢༠༡༥་་༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཟུར་བཀོལ་སྔོན་རྩིས་བྱུང་སོང་རྩིས་ཤོག་གི་ཟུར་འཛར།

༄༅། །རྩིས་ལོ་ ༢༠༡༥༌༌༌༢༠༡༦ ལོའི་རྒྱུན་གྲོན་སྔོན་རྩིས་ཁ་བསྒྱུར་བཀའ་འཁྲོལ་ཞུ་ཤོག

༄༅། །རྩིས་ལོ་ ༢༠༡༥༌༌༌༢༠༡༦ ལོའི་ཁ་བསྒྱུར་བཀའ་འཁྲོལ་ཞུ་ཤོག་གི་འགྲེལ་བརྗོད་ཟུར་འཛར། (སོང་)

༄༅། །རྩིས་ལོ་ ༢༠༡༥༌༌༌༢༠༡༦ ལོའི་ཁ་སྒྱུར་བཀའ་འཁྲོལ་ཞུ་ཤོག་གི་འགྲེལ་བརྗོད་ཟུར་འཛར། (བྱུང་)

༄༅། །རྩིས་ལོ་ ༢༠༡༥༌༌༌༢༠༡༦ ལོའི་ལས་བྱེད་རྣམས་ཀྱི་གསོལ་ཕོགས་ཐོ་གཞུང་རེའུ་མིག་གཤམ་གསལ།

༄༅། །རྩིས་ལོ་ ༢༠༡༥༌༌༌༢༠༡༦ ལོའི་ལས་ཁུངས་དང་ལས་ཤག་གི་ཁང་གླ་བཀའ་འཁྲོལ་ཞུ་དགོས།

གོང་གསལ་སྒྲིག་གཞི་འདི་བཞིན་ཕྱི་ལོ་ ༢༠༡༦།༡༠།༣ སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པ་བར་བསྐྱར་བཅོས་ཇི་སོང་དང་བཅས་པ་ཆ་ཚང་ཕྱོགས་བསྒྲིགས་ཞུས་པ།