༄༅། །དེ་རིང་ནི་འཕགས་པ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན་དང། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས་དང། བླ་ན་མ་མཆིས་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་དུས་ཚེས་ཁྱད་པར་ཅན་ཡིན།

མགོན་པོ་གང་ཉིད་སྐྱེ་འགྲོ་སྤྱི་དང། ཁྱད་པར་གང་ཉིད་ཀྱི་གདུལ་ཞིང་དུ་བདག་གིར་བཞེས་པའི་བོད་ཁ་བ་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ཀྱི་སླད་བོད་རབ་བྱུང་ ༡༦ པའི་ཤིང་ཕག་ཟླ་བ་ ༥ ཚེས་ ༥ དང། ཕྱི་ལོ་ ༡༩༣༥ ཕྱི་ཟླ་ ༧ ཚེས་ ༦ ཉིན་བོད་ལྗོངས་ཀྱི་མངའ་ཁུལ་མདོ་སྨད་སྐུ་འབུམ་སྟག་འཚེར་དུ་ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པའི་སྲས་སུ་ངོ་མཚར་རྨད་དུ་བྱུང་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས་པའི་བཀྲ་ཤིས་རྫོགས་ལྡན་གྱི་ཉིན་མོ་འདིར་སྒོ་གསུམ་མི་ཕྱེད་དད་པས་འཚམས་ཞུ་དང་སྦྲགས། མཁའ་མཉམ་སྐྱེ་འགྲོ་སྤྱི་དང། བདག་ཅག་གངས་ཅན་པ་ཡོངས་ཀྱི་མགོན་དང་དཔུང་གཉེན་དམ་པ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང། དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་གསུང་གི་བདུད་རྩི་དབྱར་གྱི་ཆུ་བོའི་རྒྱུན་བཞིན་དུས་རྟག་ཏུ་སྩོལ་གནང་བཀའ་དྲིན་ཆེ་བའི་བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་ཡིན།

མགོན་པོ་གང་གིས་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་གདུལ་ཞིང་དུ་བཟུང་སྟེ་རྒྱལ་བློན་བྱང་ཆུབ་སེམས་དཔའ་སོགས་མི་ཡི་རྣམ་རོལ་དུ་མར་བྱོན་ནས་བསྟན་པ་དང། འགྲོ་བའི་དོན་རྒྱ་ཆེར་མཛད་པ་དང། trunkar2༸རྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཟུང་བོད་ལྗོངས་ལུགས་ཟུང་གི་མངའ་དབང་བདག་གིར་བཞེས་ཏེ་སྐྱེ་འགྲོ་རྣམས་ཆོས་སྲིད་མངའ་ཐང་རྒྱས་པར་བསྐྱངས། ཁྱད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་ཏེ་བོད་ཀྱི་སྔར་སྲོལ་ལམ་ལུགས་ལ་ལེགས་བཅོས་དང། རྒྱ་དམར་མཉམ་ཐབས་མཁས་ཐུགས་རྗེའི་མཛད་ཐབས་ཀྱི་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་པ། རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་ཉིད་བཙན་བྱོལ་གཞུང་གི་སྒྲོམ་གཞི་འཛུགས་གནང་དང་འབྲེལ་མང་གཙོའི་ལམ་ལུགས་གསོལ་བསྩལ་གྱིས་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང། ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས། ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མིའི་གྲངས་སྤར་དང་བཅས་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ། ཁྲིམས་བཟོ་ལྷན་ཚོགས་དེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་བ། རིམ་བཞིན་བོད་མིའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དང། འཕྲལ་ཡུན་གྱི་དགག་དགོས་དུ་མར་གཟིགས་ཏེ་ད་ཆ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་གསོལ་བསྩལ་གནང་བ་སོགས་མི་ལོ་དྲུག་ཅུ་བརྒལ་བའི་དུས་རིང་ལ་བོད་དང་བོད་མིའི་འཕྲལ་ཕུགས་བདེ་དོན་སླད་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་ཡོད།

ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་གསོལ་བསྩལ་མཛད་ཟིན་པའི་རྗེས་སུའང་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས་ཀྱི་ངོ་བོའི་ཐོག་ནས། བོད་མིའི་ཆོས་སྲིད་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་བཀའ་སློབ་དང། དགོས་གལ་གཟིགས་ཚེ་བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་ལ་དགོངས་འཆར་འདོན་གནང་མཛད་རྒྱུ། བོད་དང་བོད་མིའི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་སོགས་ཞལ་བཞེས་བཀའ་དྲིན་ཆེ་བ་ལྟར་རྟག་ཏུ་ཐུགས་འཁུར་བསྐྱེད་བཞེས་མཛད་བཞིན་པ་སོགས་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་རྣམས་ནི་བདག་ཅག་བོད་མི་རྣམས་ཀྱིས་བསྐལ་པ་བརྒྱར་ཡང་བཀའ་དྲིན་གྱི་ཆ་ཕྲ་མོ་ཙམ་ཡང་གཞལ་བར་མི་ནུས་ཀྱང་། དུས་ནམ་ཡང་བརྗེད་མེད་སྙིང་བཅངས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་ཕྱག་དང་བཅས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞུ་བ་དང་ཆབས་ཅིག་ད་དུང་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་ཁ་བའི་ལྗོངས་ཀྱི་ཉམ་ཐག་པའི་སྐྱེ་འགྲོ་རྣམས་ཐུགས་རྗེས་འཛིན་བཞིན་མཛད་འཕྲིན་སྔར་བཞིན་སྐྱོང་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན།

ལྷག་པར་མགོན་པོ་མཆོག་གིས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་བྱམས་བརྩེ་དང། བཟོད་སེམས། འཇིག་རྟེན་ཀུན་ཁྱབ་འགན་འཁུར་བཅས་ཀྱི་བཀའ་སློབ་ལམ་སྟོན་ཐོག་ནས་འགྲོ་བ་མིའི་རིགས་ཀུན་ལ་ཞི་བདེ་སྤེལ་བའི་ཐུགས་འགན་རླབས་པོ་ཆེ་བཞེས་དང་བཞེས་བཞིན་པ་དང། ད་དུང་ཆོས་ལ་ཡིད་ཆེས་ཡོད་མེད་ཇི་ལྟར་ཡང་བཟང་སྤྱོད་ཀྱི་བསླབ་བྱ་ལས་འགྲོ་བ་མི་སྤྱི་དང། འཛམ་གླིང་ཁོར་ཡུག་དང་བཅས་པར་ཕན་རླབས་ཆེད་ཐུགས་འཁུར་བསྐྱེད་བཞེས། ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་ཐབས་སུ་འཛམ་གླིང་ཆོས་ལུགས་དབུ་འཁྲིད་མང་དག་གི་ལྷན་དུ་རྒྱ་ཆེ་གུ་ཡངས་ཀྱི་བགྲོ་གླེང་མཛད་དེ་ཕན་ཚུན་དྭོགས་པ་དང། འགལ་བ་བསལ་ཐབས་མཛད་པ་དང་། ལྷག་པར་དུ་ནང་ཆོས་དང་ཚན་རིག་དབར་ཕན་ཚུན་ལེགས་ཆ་ལེན་པའི་ངང་མཉམ་སྐྱོད་ཐུབ་པའི་ཐུགས་འགན་ཆེ་བཞེས་མཛད་པ་སོགས་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་ཡས་པ་བསྐྱངས་དང་སྐྱོང་བཞིན་པ་རྣམས་ནི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དང། དགའ་སྒོམ་བྱ་འོས་ཤིག་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞེད་དགོངས་དང་མཐུན་ཞིང་། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་སྟེ། མུ་མཐུད་འཛིན་བཞིན་པའི་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདིར་འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་གཙོས་སྤྱི་སྒེར་གང་ས་ནས་རྒྱབ་སྐྱོར་གང་ལེགས་ཡོད་པ་དང། ལྷག་པར་རྒྱ་ནག་ནང་གི་ཤེས་ཡོན་ཅན་གཙོ་གྱུར་མི་སྣ་ཆེས་མང་པོས་དགའ་མོས་ཀྱི་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད་པ། བོད་རྒྱ་མི་རིགས་གཉིས་ཀའི་འཕྲལ་ཕུགས་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་བཅས་ཡིན་སྟབས་རྒྱ་གཞུང་ནས་འགན་ཁུར་ཆེན་པོས་བོད་རྒྱའི་དཀའ་རྙོག་མགྱོགས་ནས་མྱུར་དུ་སེལ་ཐབས་གནང་དགོས་པའི་དུས་སུ་སླེབས་ཡོད།

ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༣ ཚེས་ ༩ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་འཐུས་མི་དང་མཉམ་མཇལ་འཕྲད་སྐབས། ནམ་རྒྱུན་རྒྱ་ནག་གིས་སྒྲོག་བཞིན་པའི་བོད་དེ་རྒྱ་ནག་གི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཡིན་ལུགས་སོགས་བརྗོད་རྗེས། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལ་ངོས་འཛིན་གསལ་པོ་བྱས་ཏེ་བོད་མི་རིགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་དང། བོད་ཀྱི་སྐད་ཡིག་རིག་གཞུང་ལ་སྲུང་སྐྱོབ་བྱེད་པ་བཅས་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་དངོས་སུ་ལག་བསྟར་དོན་འཁྱོལ་གྱིས་བོད་ལྗོངས་ཡུན་བརྟན་འཕེལ་རྒྱས་སུ་འགྲོ་ཐུབ་ཅེས་སོགས་གསུངས་པ་དང། ཉེ་ལམ་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་དབུས་གཞུང་ཏང་གི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་པོ་ཅིན་ཝུས་ལགས་ཀྱིས་ཧོང་ཀོང་དུས་དེབ་ཀྱི་བཅར་འདྲིར་ལན་འདེབས་སྐབས། རྒྱ་ནག་དབུས་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་ཞི་མོལ་བསྐྱར་གནང་དགོས་ཞེས་དང། བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་རིམ་པས་བོད་ཀྱི་ཆོས་ལུགས་ཐད་ཀྱི་སྲིད་བྱུས་འཛིན་སྟངས་ལ་ཐལ་ཆ་བྱུང་ཡོད་ཅེས་གསུངས་པ་ནི། རྒྱ་གཞུང་གིས་དེ་སྔོན་བོད་ཐོག་འཛིན་པའི་སྲིད་བྱུས་ནོར་འཁྲུལ་བྱུང་བར་ངོས་འཛིན་གྱི་རྣམ་པ་ཞིག་མངོན་པ་དང། དེ་དང་འབྲེལ་བའི་ཉེ་ལམ་དྲ་ལམ་ཁག་ཏུ་ཐོན་བཞིན་པའི་གནས་ཚུལ་རྣམས་དངོས་འབྲེལ་ཡིན་ཚེ། རྒྱ་ཕྱོགས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་པ་ཞིག་གམ་བོད་མི་ཉེས་མེད་ལ་ངན་ཁག་དཀྲི་བྱེད་ཇི་ཡིན་ཆ་མ་འཚལ་ཡང་། དོན་གནད་འདི་དག་ནི་བོད་རྒྱ་མི་རིགས་གཉིས་ཀར་འཕྲལ་ཡུན་ཀུན་ཏུ་ཕན་རླབས་ལྡན་པའི་བྱ་གཞག་ཞིག་ཏུ་འགྱུར་རྒྱུར་བརྟེན་བོད་ལྗོངས་རྒྱ་ཁྱབ་ཏུ་ལག་བསྟར་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

ཡང་ཉེ་སྔོན་ཕྱི་ཟླ་ ༦ ཚེས་ ༩ ཉིན་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བས་ཚུར་ལོག་རང་མི་དང། ཚུར་ལོག་རང་མིའི་ནང་མི་བཅས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཏེ་ཚོགས་འདུར་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་མཐོ་རིམ་ཚང་མ་མཉམ་ཞུགས་བྱས་ཡོད་པ་དང། ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་ཁག་ཅིག་ནས་ཕྱི་ཕྱོགས་སུའང་དེ་ལྟ་བུའི་གཏམ་བཤད་བྱས་འདུག་པས། འདི་ནི་མ་འོངས་པར་ཕྱིར་སྡོད་བོད་མི་ནང་འགུག་བྱ་ཐབས་ཀྱི་སྲིད་བྱུས་འོག་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཕྱོགས་གང་ས་ནས་ཉམས་དམས་སུ་གཏོང་ཐབས་ལ་སྔར་བས་ཤུགས་གནོན་ཆེ་བ་རྒྱག་པ་ཞིག་ཡིན་པར་བརྟེན། བོད་མི་རྣམས་ཀྱིས་གནས་སྐབས་དཔལ་འབྱོར་གྱི་ཁེ་ཕན་ཕྲན་ཚེགས་དང། མཁས་སྙན་གྱི་བསླུ་བྲིད་དང་མགོ་བསྐོར་འོག་མི་འཚུད་པའི་ཡིད་གཟབ་གནང་གལ་ཆེ་བའི་བརྡ་སྟོན་ཞུ་རྒྱུ་ཡིན།

ད་ལྟའི་རྒྱ་ནག་གི་འགོ་འཁྲིད་གསར་པ་རྣམས་སླེབས་རྗེས་བོད་དང་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེར་འགྱུར་བ་བཏང་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་མིའི་མངོན་འདོད་དང་མཐུན་པའི་ཐོག་བོད་རྒྱ་གཉིས་སྨན་གྱི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རེ་དང། ༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་དབུས་བོད་ནང་གི་ཉེས་མེད་བཙོན་པ་ཡོངས་དང་། ལྷག་པར་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ནང་ཞི་བའི་གྱེན་ལངས་དང། དེ་རྗེས་རང་ལུས་མེར་སྲེག་གནང་མཁན་དང་། ཁོང་རྣམ་པ་དང་འབྲེལ་བ་ཡོད་ཚུལ་ལ་བསྙད་དེ་ཉེས་མེད་ཉེས་འཛུགས་ཀྱིས་བོད་མི་བརྒྱ་ཕྲག་བརྒལ་བ་འཛིན་བཟུང་བཙོན་འཇུག་སོགས་ཀྱིས་སྡུག་སྦྱོང་མྱོང་བཞིན་པ་རྣམས་བཅས་འཕྲལ་དུ་གློད་བཀྲོལ་གྱིས་འགྲོ་བ་མིའི་རིགས་སྤྱི་མཚུངས་ཀྱི་བདེ་སྐྱིད་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་དགོས་པའི་འབོད་སྐུལ་ནན་ཏན་བྱ་རྒྱུ་ཡིན།

ཉེ་སྔོན་བོད་ནང་དོན་དག་ཆུང་ཙག་ལའང་ས་གནས་ཉེན་རྟོག་པས་བོད་མིར་རྡུང་རྡེག་ཚོད་མེད་བཏང་བའི་རྐྱེན་གྱིས་འགའ་ཞིག་འདས་གྲོངས་སུ་གྱུར་ཡོད་པ་དང། ད་དུང་བོད་མིར་མཐོང་ཆུང་བརྙས་བཅོས་བྱས་པ་གྲངས་ཀྱིས་མི་ལངས་པ་ཡོད་འདུག འདི་རིགས་ནི་རྒྱ་ནག་གི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་དང། ཡུལ་ནང་ཁྲིམས་ལུགས་གཅིག་གྱུར་བཅས་ལག་བསྟར་ཇི་བཞིན་མེད་པ་ཕྱོགས་རིས་སུ་ཡོད་པའི་རྣམ་པ་གསལ་པོ་ཐོན་པར་བརྟེན་རྒྱ་གཞུང་ནས་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་ངེས་པར་ལག་བསྟར་གནང་དགོས།

ང་ཚོ་རྒྱ་གར་འཕགས་པའི་ཡུལ་གྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་ཞུས་ཏེ་མི་ལོ་ ༥༤ ལྷག་འགྲོ་བཞིན་པ་དང། དམིགས་བསལ་རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཏེ་རྒྱ་གར་གཞུང་མང་གཉིས་ཀས་བོད་མིར་རོགས་མགོན་དང་། ཕན་གྲོགས་རྒྱ་ཆེ་གནང་བའི་བཀའ་དྲིན་རྣམས་དུས་རྟག་ཏུ་དྲན་ཤེས་ཐུབ་པའི་ངང་རྒྱ་གར་གཞུང་མང་གཉིས་ལ་ད་རེས་ཀྱི་དུས་སྐབས་བཟང་པོ་འདི་བཞིན་དམ་འཛིན་གྱིས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ཟབ་གསལ་བཀའ་སློབ་བསྩལ་གནང་ལྟར། བྱེས་འབྱོར་བོད་མི་ཡོངས་ཀྱིས་རང་རང་གནས་ཡུལ་ས་གནས་སོ་སོའི་ཡུལ་མིར་མཐུན་ལམ་དམ་ཟབ་ངང་བོད་མི་སྤྱིའི་མཚན་མཐོང་དང་ལ་རྒྱ། བདེ་འཇགས་བཅས་ལ་སྨན་པ་གནང་དགོས་པ་ཤིན་ཏུ་གལ་ཆེ་ཡིན་པའི་འབོད་སྐུལ་ཞུ་རྒྱུ་བཅས།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༧ ཚེས་ ༦ ལ།།